ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་བཞིའི་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཚེས་གསུམ་ཉིན་གྱི་དགོང་མོར་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཀྲུའུ་པཱ་ཞོལ་མ་ཀྲིག་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སྤེལ་བའི་འཇབ་རྒོལ་དོན་རྐྱེན་ཞིག་ཕམ་ཉེས་སུ་བཏང་བ་དང་། འཁྲུག་རྩོད་ཁྲོད་ནས་དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཟེར།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བཀོད་འདོམ་དཔོན་པོ་དབྱེ་སཱ་ཁི་ཡིས་ཁ་པར་བརྒྱུད་དེ་བཤད་རྒྱུར། ཚེས་གསུམ་ཉིན་གྱི་དགོང་མོར་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་སྲིད་གཞུང་དམག་དཔུང་གི་ཀྲུའུ་པཱ་ཞོལ་མ་ཀྲིག་གི་དམག་དོན་རྟེན་གཞི་ཞིག་བཙན་བཟུང་བྱེད་རྩིས་བྱས། སྲིད་གཞུང་དམག་གིས་རླངས་འཁོར་བསྐོར་བའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་མཁན་གཅིག་བསད་པ་དང་། དེའི་རྗེས་སུ་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱུང་། མཇུག་མཐར་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་བར་མ་ཟད་དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཟེར།

ས་དེའི་སྡོད་དམངས་ཀྱིས་བཤད་རྒྱུར། འཁྲུག་རྩོད་དེ་དུས་ཚོད་འགར་རྒྱུན་བསྲིངས་པ་དང་། བསྟུད་མར་གྲགས་པའི་མེ་མདའི་སྒྲ་ཐོས་ཐུབ་པར་མ་ཟད་འགས་གཏོར་གྱི་སྒྲ་ཡང་ཐོས་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།