ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལི་ནས་ཧྥ་རན་སིའི་དམག་དཔུང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ལིའི་སྲིད་གཞུང་གིས་ཚེས་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ་བདེན་དཔང་བྱས་དོན། མཱ་ལིའི་བྱང་ཕྱོགས་ཀྱི་ཅཱ་ཨོ་ས་ཁུལ་ནས་ཟླ་བདུན་པའི་ཚེས་གཅིག་ཉིན་ཧྥ་རན་སིའི་དམག་དཔུང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་མང་བོར་ཤི་རྨས་ཐེབས་ཟེར།

ཅཱ་ཨོ་རུ་བཅའ་སྡོད་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་ཀྱང་ཚེས་གཉིས་ཉིན་བདེན་དཔང་བྱས་དོན། ས་དེ་ནས་ཧྥ་རན་སིའི་དམག་མིར་དམིགས་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་སེར་དཀྱུས་མ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མར་ཡང་མི་སེར་དཀྱུས་མ་དང་ཧྥ་རན་སིའི་དམག་མི་འདུས་པའི་མི་བཅོ་ལྔར་རྨས་ཕོག་ཡོད་ཟེར།

གཞན་ཡང་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དམག་དོན་འགུལ་སྐྱོད་ནང་ཞུགས་པའི་ཧྥ་རན་སིའི་དམག་དཔུང་གི་འཁྲབ་ལྡན་འཁོར་ལོ་གཉིས་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཡོད་པ་དང་། དེའི་རྗེས་སུ་ཉུང་མཐར་ཡང་འཁྲབ་ལྡན་འཁོར་ལོ་གསུམ་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ཡོད་ཟེར།

མཱ་ལིའི་སྲིད་གཞུང་གིས་སྤྱི་སྒྲོག་ནང་ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བར་མ་ཟད། སྙིང་རྗེ་སྤུ་ཙམ་ཡང་མེད་པའི་སྒོ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་བསྐྱར་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།