ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་གནམ་གྲུ་ཐང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། དྲག་ཆས་ཉེས་ཅན་གྱིས་ཉིན་དེར་པཱ་པུའུ་ཡཱ་ཞིང་ཆེན་གྱི་ཨིན་ཏུའུ་ཅཱ་རྫོང་གི་གནམ་གྲུ་ཐང་ཞིག་ནས་གནམ་གྲུ་ཆུང་བ་ཞིག་དང་དེའི་ཉེ་འདབས་ཀྱི་མི་སེར་དཀྱུས་མར་མེ་མདས་བརྒྱབ་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཟེར།

པཱ་པུའུ་ཡཱ་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཁཱ་མེད་ལེ་ཡིས་བཤད་རྒྱུར། སྔ་དྲོའི་དུས་ཚོད་བཅུའི་ཡས་མས་སུ། ཉེན་རྟོག་པ་བཅོ་ལྔ་དྲུད་པའི་གནམ་གྲུ་ཆུང་བ་ཞིག་སར་འབབ་སྐབས་དྲག་ཆས་ཉེས་ཅན་གྱིས་མེ་མདས་བརྒྱབ་པ་དང་། གནམ་གྲུའི་ཁ་ལོ་བར་རྨས་ཕོག་ཡོད། དྲག་ཆས་ཉེས་ཅན་དེ་དག་བྲོས་བྱོལ་བྱེད་སྐབས་ད་རུང་ཉེ་འདབས་ཀྱི་མི་སེར་དཀྱུས་མར་མེ་མདས་བརྒྱབ་སྟེ། མི་གསུམ་བསད་པ་དང་། མི་གཅིག་ལ་རྨས་ལྗིད་མོ་ཕོག་ཡོད་ཟེར།

ཁཱ་མེད་ལེ་ཡིས་བཤད་རྒྱུར། ཟླ་འདིའི་ཚེས་ཉེར་བདུན་ཉིན་ཨིན་ཏུའུ་ཅཱ་རྫོང་གིས་ས་གནས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཉེན་རྟོག་པ་དེ་དག་ནི་ས་དེའི་བདེ་འཇགས་སྲུང་དུ་ཡོང་བ་རེད། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་བྱས་པའི་དྲག་ཆས་ཉེས་ཅན་འཛིན་བཟུང་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།