ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་སི་རི་ཡཱའི་ས་ཁུལ་མང་བོ་ནས་དམག་དོན་འགུལ་སྐྱོད་སྤེལ་བར་གྲུབ་འབྲས་བཟང་བོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་གསར་འགྱུར་ལས་རིགས་དང་དམག་ཕྱོགས་མི་སྣས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་གིས་བསྟུད་མར་ཉིན་འགའི་རིང་སི་རི་ཡཱའི་ས་ཁུལ་མང་བོ་ནས་དམག་དོན་འགུལ་སྐྱོད་སྤེལ་བར་གྲུབ་འབྲས་བཟང་བོ་ཐོབ། སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཉིས་སྟོང་ལྔ་བརྒྱ་ཡོད་པའི་ས་ཞིང་ཕྱིར་འཕྲོག་ལེན་བྱས་པ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་སི་རི་ཡཱའི་ལྷོ་བྱང་ཕྱོགས་ཀྱི་སྦས་སྐོང་བྱེད་ས་མང་བོར་གཏོར་བཤིག་བཏང་ཡོད་ཟེར།

བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་གིས་ཉིན་དེར་དབུས་ཕྱོགས་ཀྱི་གནའ་མཁར་པཱ་ཨར་མུས་ལཱའི་ཤར་ངོས་ཀྱི་སྤྱི་ལེ་བདུན་ཅུའི་མཚམས་སུ་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཚར་གཅོད་བྱས་པ་དང་། མཚོན་ཆ་མང་བོ་གཞུང་བཞེས་བྱས། བསྟུད་མར་ཉིན་འགའི་རིང་ལ། སྲིད་གཞུང་དམག་དཔུང་གིས་བྱེ་མའི་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། པཱ་ཨར་མུས་ལཱའི་ཤར་ངོས་ནས་སི་རི་ཡཱ་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་གྱི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཉིས་སྟོང་ལྔ་བརྒྱའི་ས་ཞིང་ཕྱིར་འཕྲོག་ལེན་བྱས་པ་དང་། དྲག་ཆས་ཉེས་ཅན་མང་བོ་ཚར་གཅོད་བྱས་ཡོད་ཟེར།

གཞན་ཡང་བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་གྱི་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཏི་ལཱ་ཞིང་ཆེན་གྱི་སྦས་སྐོང་བྱེད་ས་མང་བོ་གཏོར་བཤིག་བཏང་། དམག་ཕྱོགས་མི་སྣས་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་དེའི་མནའ་མཐུན་གྲོགས་པོའི་ས་དེའི་དམག་དོན་འགུལ་སྐྱོད་ཀྱིས་ཏི་ལཱ་ཞིང་ཆེན་དང་སུའུ་ཝེ་ཏཱ་ཞིང་ཆེན་བར་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་མཁོ་སྒྲུབ་རྒྱུ་ལམ་གཅོད་ཐུབ་པའི་རེ་བ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།