ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་ནས་ཚེས་ཉི་ཤུའི་ཉིན་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཟེར།

ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཁྱིམ་ཚང་གཅིག་གི་བཟའ་མི་མང་བོ་ཉིན་དེར་གཉེན་རྟགས་བརྒྱག་པའི་མཛད་སྒོ་ཞིག་ལ་ཞུགས་རྗེས་རླངས་འཁོར་ལ་བསྡད་དེ་ཕྱིར་ལོག་པ་དང་། རླངས་འཁོར་དེ་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་མན་སེ་ཧི་ལཱ་ས་ཁུལ་བརྒྱུད་སྐབས། མྱུར་ཚད་ལས་བརྒལ་བའི་དབང་གིས་ཁ་ལོ་བྱེད་ཐབས་བྲལ་ནས་གྲོག་རོང་དུ་ལྷུང་བ་རེད་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་ཁྱིམ་ཚང་དེའི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་རླངས་འཁོར་ཁ་ལོ་བ་དང་བཅས་པའི་མི་བཞི་ལ་རྨས་སྐྱོན་ལྗིད་མོ་ཕོག་ཡོད་ཟེར།

དོན་རྐྱེན་བྱུང་རྗེས། ཉེ་འདབས་ཀྱི་སྡེ་དམངས་དག་གིས་ས་དེའི་སྲིད་གཞུང་ལ་རམ་འདེགས་བྱས་ཏེ་རྒུད་སྐྱོབ་བྱ་བ་སྤེལ་བ་དང་། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།