ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་ཤར་ཕྱོགས་རྡོ་སྣུམ་ཐོན་སྐྱེད་ས་ཁུལ་དུ་དྲག་ཆས་འཁྲུག་རྩོད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལི་པུ་ཡཱའི་ཤར་ཕྱོགས་རྡོ་སྣུམ་ཐོན་སྐྱེད་ས་ཁུལ་དུ་ཚེས་བཅུ་བཞིའི་ཉིན་དྲག་ཆས་འཁྲུག་རྩོད་དྲག་པོ་བྱུང་སྟེ། ལི་པུ་ཡཱའི་དམག་དཔུང་ལས་ཕྱིར་བུད་པའི་དམག་དཔོན་ཧཱ་ཧྥུའུ་ཐཱ་ཨར་གྱིས་མགོ་ཁྲིད་པའི་ལི་པུ་ཡཱའི་ཤར་ཕྱོགས་དྲག་ཆས་སྟོབས་ཤུགས་རྒྱལ་དམངས་དམག་དཔུང་གི་དམག་མི་ལྔ་རྐྱེན་ལམ་དུ་ཤོར།

རྒྱལ་དམངས་དམག་དཔུང་གི་ཁོངས་སུ་གཏོགས་པའི་ཐོགས་གློག་དམིགས་བསལ་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དམངས་དམག་དྲག་ཆས་རྩ་འཛུགས་པན་ཅཱ་ཞི་འགོག་སྲུང་སྟོང་ཤོག་དང་སྔོན་ཆད་ཀྱི་རྡོ་སྣུམ་སྒྲིག་ཆས་ཉེན་སྲུང་རུ་ཁག་གི་དྲག་ཆས་ཉེས་ཅན་གྱིས་གོང་གི་ས་ཁུལ་དེ་གཉིས་ཀྱི་རྡོ་སྣུམ་གྲུ་ཁ་གཉིས་ལ་འཇབ་རྒོལ་བྱས་པ་དང་། ས་ཁུལ་དེའི་སྣུམ་ཞིང་དང་གྲུ་ཁའི་བདེ་སྲུང་གི་འགན་ཁུར་བའི་རྒྱལ་དམངས་དམག་དཔུང་གི་ཁོངས་སུ་གཏོགས་པའི་དམག་དཔུང་དང་འཁྲུག་རྩོད་བྱས་ཏེ་འཇབ་རྒོལ་མཁན་མཐར་སྐྲོད་བཏང་།

ལི་པུ་ཡཱའི་རྒྱལ་ཁབ་རྡོ་སྣུམ་ཀུང་ཟི་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་འཁྲུག་རྩོད་ལས་ཉིན་དེའི་ལི་པུ་ཡཱའི་མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཟོ་འབུམ་གཉིས་དང་ཁྲི་བཞི་ཇེ་ཉུང་དུ་སོང་བ་དང་། ལི་པུ་ཡཱའི་མ་བཅོས་རྡོ་སྣུམ་གྱི་ཉིན་དེའི་ཐོན་ཚད་ཀྱི་བཞི་ཆའི་གཅིག་ཙམ་ཟིན་ཡོད་ལ། ས་ཁུལ་དེའིི་གྲུ་ཁ་གཉིས་སུ་རྒྱུ་རྐྱེན་མང་བོའི་དབང་གིས་དངོས་ཟོང་སྡུད་མཚམས་བཞག་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།