ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པའི་ཐུག་འཕྲད་ལ་གྲུབ་འབྲས་བཟང་པོ་ཐོབ་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་ཚེས་བཅུ་གཉིས་ཉིན་སིང་ག་ཕོར་ནས་ཐུག་འཕྲད་བྱས་པར་མ་ཟད་ཁྲའོ་ཞན་དང་ཨ་མེ་རི་ཁའི་མཉམ་འབྲེལ་གསལ་བསྒྲགས་བཀོད་ནས། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་དུ་འབྲེལ་བ་གསར་པ་འཛུགས་རྒྱུ་ཡིན་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་དུས་གཏན་གྱི་གཏན་འཇགས་ཞི་བདེའི་རྐྱེན་སྲོལ་འཛུགས་རྒྱུ་ཡིན་ཞེས་བསྟན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེངས་འདིའི་ཐུག་འཕྲད་ལ་གྲུབ་འབྲས་བཟང་པོ་ཐོབ་པར་དགའ་བསུ་ཞུས་ལ། ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པས་མུ་མཐུད་དུ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་། ཕྱེད་གླིང་གི་ཞི་བདེའི་རྐྱེན་སྲོལ་འཛུགས་པའི་ཐད་ངོ་བོ་རང་བཞིན་གྱི་གོམ་སྟབས་སྤོ་བར་རེ་སྒུག་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པས་ཆབ་སྲིད་ཀྱི་ཐག་གཅོད་བྱེད་ཐབས་བཙལ་བར་འབད་བརྩོན་བྱས་པ་དེར་གཟེངས་བསྟོད་བྱེད་འོས་ཞེས་བཤད། ཁོས་ཐེངས་འདིའི་ཐུག་འཕྲད་ལ་མཐུན་རྐྱེན་བསྐྲུན་པ་མ་ཟད་བྱས་རྗེས་བཞག་པའི་འབྲེལ་ཡོད་ཕྱོགས་སོ་སོར་བཀའ་དྲིན་ཞུས་པ་དང་། ཕྱོགས་སོ་སོས་གོ་སྐབས་དམ་འཛིན་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་དར་རྒྱས། བདེ་འཇགས་བཅས་མངོན་འགྱུར་བྱེད་པ་དང་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་ཐད་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་བཏོན།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མཱོ་ཀའེ་ལེ་ཉི་ཡིས་གསལ་བསྒྲགས་སྤེལ་ནས། ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པས་དེ་རིང་ཐུག་འཕྲད་བྱས་པར་ཡང་བསྐྱར་ཁས་ལེན་བྱས་པ་དང་། ཕྱི་འབྲེལ་ཐབས་ལམ་ནི་ཁྲའོ་ཞན་ཕྱེད་གླིང་གི་དུས་གཏན་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་ལ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཡུན་སྐྱོང་བདེ་འགོད་དང་དར་རྒྱས་ལ་ཁག་ཐེག་བྱེད་པ་དམིགས་ཡུལ་ཡིན་པའི་རྗེས་མཐུད་ཀྱི་གྲོས་མོལ་དང་གོ་རིམ་གཞན་པའི་ཐད་ལ་ཡོ་རོབ་གླིང་མནའ་འབྲེལ་གྱིས་སྟབས་བདེ་བསྐྲུན་པ་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བཤད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཨོ་ཡིས་སྤྱི་འབྲེལ་སྨྱན་ལམ་བརྒྱུད་དེ་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཀྱིས་ལོ་རྒྱུས་གསར་པ་བསྐྲུན་པ་དང་། ཕྱོགས་གཉིས་ཀྱིས་བཀོད་པའི་མཉམ་འབྲེལ་གསལ་བསྒྲགས་ལ་ལོ་རྒྱུས་རང་བཞིན་ལྡན་པས། འབྲེལ་བ་གསར་པ་ཞིག་གི་སྒོ་འཕར་འབྱེད་ངེས། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཀོད་པའི་མཉམ་འབྲེལ་གསལ་བསྒྲགས་དངོས་འབེབས་བྱེད་པའི་བྱ་བ་བསྒྲུབ་རྒྱུ་ཡིན་ཟེར།

ཨུ་རུ་སིའི་གྲོས་ཁང་འོག་མའི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སི་ལུའུ་ཚི་ཅི་ཡིས་བཤད་རྒྱུར། ཐེངས་འདིའི་ཐུག་འཕྲད་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཞི་བས་ཐག་གཅོད་པར་རེ་བ་བསྩལ་ཡོད། ཕྱེད་གླིང་གི་གནད་དོན་དེ་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་ཐག་གཅོད་དགོས་ལ། བརྒྱུད་རིམ་འདིའི་ཁྲོད་དུ་གལ་ཆེ་བ་ནི་མྱུར་ཚད་མིན་པར་མཇུག་འབྲས་ཡིན། ཨུ་རུ་སི་དང་ཀྲུང་གོས་གཏན་ལ་ཕབ་པའི་འབྲེལ་ཡོད་ལམ་ཐིག་དཔེ་རིས་ཀྱིས་མུ་མཐུད་དུ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་པར་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གྱིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པའི་ཐུག་འཕྲད་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་ཡིན་ལ། རྒྱལ་ཁབ་གིས་ཀྱི་འགོ་ཁྲིད་པའི་སྤོབས་པ་དང་ཇུས་ཆོད་ལ་གཟེངས་བསྟོད་བྱས་པ་ཡིན། ཧན་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱས་ཏེ། ཁྲའོ་ཞན་དང་ཨ་མེ་རི་ཁས་བཀོད་པའི་མཉམ་འབྲེལ་གསལ་བསྒྲགས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་འགོ་ཁྲིད་པ་གཉིས་ཀྱིས་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་ལེགས་འགྲུབ་བྱས་པར་རྟེན་འབྲེལ་ཞུས། ཁོས་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་བཀོད་པ་ནི་གོང་འཕེལ་ཧ་ཅང་ཆེན་པོ་ཞིག་ཡིན་ལ། ཁྲའོ་ཞན་ཕྱེད་གླིང་གི་དུས་གཏན་གྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་གོམ་སྟབས་གལ་ཆེན་ཞིག་སྤོས་པ་རེད་ཟེར།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་བསྟན་དོན། ཐེངས་འདིའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་ཁྲིད་པའི་ཐུག་འཕྲད་ཀྱིས་ཡིག་ཆའི་རྣམ་པས་ཁྲའོ་ཞན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བར་འབད་བརྩོན་བྱེད་པའི་འདོད་བློ་གཏན་ཁེལ་བྱས་པར་འཇར་པན་གྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཁོས་ད་དུང་ཕྱོགས་སོ་སོས་མཉམ་ལས་ལ་ཤུགས་བསྣན་ནས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་སོགས་ཀྱི་གནད་དོན་ཐག་གཅོད་དགོས་ཞེས་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།