ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་ཡིག་གཞི་རྟེན་དུ་བྱེད་པ་དང་རིག་གནས་སྦྲེལ་ཟམ་དུ་བྱེད་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ཡོ་རོབ་ཀྱི་ཁུང་ཙི་སློབ་གླིང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་མི་དམངས་དབར་མཛའ་གྲོགས་ཟབ་ཏུ་བཏང་བ།     

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་ས་གནས་ཁག་ཏུ་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། རྒྱ་ཡིག་དང་ཀྲུང་ཧྭའི་རིག་གནས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པའི་བརྒྱུད་རིམ་ཁྲོད་གོ་ལ་ཧྲིལ་པོར་ཁྱབ་པའི་ཁུང་ཙི་སློབ་གླིང་དང་ཁུང་ཙི་སློབ་ཁང་གིས་ནུས་པ་ཆེན་པོ་ཐོན་ཡོད།

ད་ཆ་གོ་ལ་ཧྲིལ་པོར་ཁུང་ཙི་སློབ་གླིང་525ཡོད་པའི་ཁྲོད་སློབ་གླིང་173ཡོ་རོབ་ཀྱི་རྒྱལ་ཁབ་41ཏུ་བཙུགས་ཡོད་པ་དེ་ཐོག་ནས་ཡོ་རོབ་མི་དམངས་ཀྱི་རྒྱ་ཡིག་སློབ་སྦྱོང་བྱེད་པའི་སྤྲོ་སེམས་དང་ཀྲུང་ཧྭའི་རིག་གནས་ལ་དད་མོས་བྱེད་པ་གང་ལེགས་མཚོན་ཐུབ། ཁུང་ཙི་སློབ་གླིང་དང་ཁུང་ཙི་སློབ་ཁང་དེ་དག་གིས་རྒྱ་ཡིག་གཞི་རྟེན་དུ་བྱེད་པ་དང་། རིག་གནས་སྦྲེལ་ཟམ་དུ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་མི་དམངས་དབར་གྱི་མཛའ་གྲོགས་དང་བརྩེ་སེམས་ཟབ་ཏུ་བཏང་ཡོད།
ཀྲུང་ཧྭའི་རིག་གནས་ཡོ་རོབ་ཏུ་དར་བ།

ཕོ་ལན་གྱི་བྱང་རྒྱུད་དུ་གནས་པའི་གནའ་གྲོང་ཐོ་ལོན་ནི་གྲགས་ཅན་གྱི་གནམ་རིག་མཁས་ཅན་ཀེ་པའེ་ཉིའི་ཕ་ཡུལ་རེད། འདི་ལོའི་དཔྱིད་གསར་དུས་ཆེན་རིང་ཐོ་ལོན་གྱི་གྲོང་མི་མར་ཆིན·ཕི་ལར་སི་ཅི་ཡིས་ནང་མི་ཡོངས་འཁྲིད་དེ་ས་གནས་དེ་གའི་ཁུང་ཙི་སློབ་ཁང་དུ་ཡོང་ནས་འབྲུག་རྩེད་དང་། ཤོག་དྲས་འདྲ་གཟུགས། རྒྱ་ཡིག་ཡིག་གཟུགས་བཅས་མྱོང་རོལ་བྱས་པ་མ་ཟད། རྒྱ་ཡིག་སློབ་ཚན་ཡང་ཉན་པ་རེད། ཕི་ལར་སི་ཅི་ཡིས་དགའ་ཚོར་ཆེན་པོའི་ངང་གསར་འགོད་པར“འདི་ལོའི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་དེ་བརྒྱུད་ཀྲུང་ཧྭའི་རིག་གནས་ལ་ཉེ་བཅར་གྱི་རྣམ་པའི་ཐོག་ནས་མྱོང་རོལ་བྱེད་ཐུབ་སོང་། ང་དང་ཕྲུ་གུ་ཚོ་ཧ་ཅང་དགའ་པོ་འདུག”ཅེས་བཤད་བྱུང་། ཁོང་གི་བུ་ཕྲུག་གིས་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུར་སྐུལ་མ་གཏོང་ཆེད་ཁོང་དང་ཁོང་གི་ཕྲུ་གུ་ཚོ་ཁུང་ཙི་སློབ་ཁང་གི་སློབ་མར་མཉམ་དུ་མིང་བཀོད་པ་རེད།

ཉེ་བའི་ལོ་ཤས་རིང་ཀྲུང་གོའི་སྲོལ་རྒྱུན་དྲག་རྩལ་ཡང་ཁུང་ཙི་སློབ་གླིང་དང་བསྟུན་ནས་ཡོ་རོབ་མི་དམངས་ཀྱི་འཚོ་བའི་ཁྲོད་རྒྱ་ཁྱབ་བྱུང་ཡོད།
ལི་ཐུ་ཝན་གྱི་ཝིར་ནིའུ་སི་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཁྱབ་སྤེལ་འོག་ཉེ་བའི་ལོ་ཤས་རིང་ལི་ཐུ་ཝན་དུ་ཐའེ་ཅི་དྲག་རྩལ་སྦྱོང་བའི་ཚ་རླབས་ཤིག་འཕྱུར་ཞིང་། 2016ལོར་ཝིར་ནིའུ་སིའི་མི་233གྱིས་ས་ཆ་གཅིག་ཏུ་ཐའེ་ཅི་དྲག་རྩལ་སྦྱོང་བའི་རྣམ་པ་དེ་ད་དུང་གསལ་ལྷང་ལྷང་དུ་དྲན་གྱི་འདུག

རྒྱ་ཡིག་སྦྱངས་ནས་ཀྲུང་གོ་ཤེས་རྟོགས་བྱེད།

འདི་ལོ་ལོ18ལ་སླེབས་པའི་ཕོ་ལན་གྱི་སློབ་མ་ཧན་ཡེ་ཀྲུང་གོའི་སྐད་ཡིག་དང་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད། ཕ་ཡུལ་ཐོ་ལུན་དུ་དེ་གོང་རྒྱ་ཡིག་སློབ་གྲྭ་གཅིག་རྐྱང་མེད་པས། ལོ་བཞི་ཡི་གོང་ཁོང་གིས་དཔེ་དེབ་གཡར་ནས་རྒྱ་ཡིག་རང་སྦྱོང་བྱེད་འགོ་ཚུགས་ཡོད། ཐོ་ལོན་དུ་ཁུང་ཙིའི་སློབ་ཁང་དང་པོ་དེ་བཙུགས་པ་ཤེས་པས་ཧན་ཡེ་དགའ་ཚོར་དཔག་མེད་སྐྱེས།

ལ་ཐེ་ཝེ་ཡ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི་སློབ་མ་ཁེ་ལའོ་ལཱས་ཀྱང་ཧན་ཡེ་དང་འདྲ་བར་ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་སྦྱོང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་སེམས་འགུལ་ཐེབས་བཞིན་དུ་གསར་འགོད་པར“ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་སྦྱོང་ཐུབ་པ་དང་། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་འདུན་ཞུ་བྱེད་ཆོག་པ་མ་ཟད། དབྱར་སྒར་དང་སྤེལ་རེས་སློབ་སྦྱོང་སོགས་ཀྱི་གོ་སྐབས་ཡོད་པ་དང་ད་དུང་ང་ཚོ་ཀྲུང་གོར་ཀྲུང་ཧྭའི་རིག་གནས་ཉམས་ལེན་དང་དེང་རབས་ཀྲུང་གོར་ཤེས་རྟོགས་བྱེད་པར་བསྐྱོད་པའི་གོ་སྐབས་རག་བྱུང”ཞེས་བཤད།

དེས་མ་ཟད། ཁུང་ཙི་སློབ་གླིང་གི་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་ལ་ཡང་ཡོ་རོབ་ཀྱི་སློབ་མ་ཚོའི་ཚད་མཐོའི་ཁས་ལེན་ཐོབ་ཡོད།
ཧྥིན་ལན་གྱི་ཧེར་ཤིན་ཅི་སློབ་ཆེན་དུ་སྤེལ་བའི་དགེ་རྒན་གྱི་དཔྱད་བསྡུར་བྱེད་སྒོའི་ནང་ཁུང་ཙི་སློབ་གླིང་གི་དགེ་རྒན་རྣམས་ལ་98%ཡི་གདེང་འཇོག་བཟང་པོ་ཐོབ་ཡོད། སློབ་མ་ཁག་གཅིག་གིས“རྒྱ་ཡིག་སློབ་ཚན་ནི་ངས་སློབ་ཆེན་འགྲིམ་རིང་སྦྱངས་པའི་ཕྱི་སྐད་སློབ་ཚན་ཡག་ཤོས་དེ་རེད”ཅེས་བཤད།

རིག་གནས་སྦྲེལ་ཟམ་དུ་བྱས་ནས་མཛའ་གྲོགས་ཟབ་ཏུ་བཏང་བ།

ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སུའོ་ས་ཡིས་ཕོར་ཐིའུ་ཀལ་གྱི་2017ལོའི་མཐོ་སློབ་ཀྱི་འགྲེམས་ཚོགས་ཐོག་ཁུང་ཙི་སློབ་གླིང་གིས་ཡུལ་དེར་བཏོན་པའི་ནུས་པར་བསྔགས་བརྗོད་ཆེན་པོ་བྱས་ཡོད། ཉིན་དེར་ཁོང་གིས་ཁུང་ཙི་སློབ་གླིང་གིས་སྤེལ་བའི་རིག་གནས་འགྲེམས་སྟོན་བྱེད་སྒོར་ཁས་ལེན་གང་ལེགས་གནང་བ་དང་། ཁུང་ཙི་སློབ་གླིང་གིས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྤེལ་རེས་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུའི་རེ་བ་འཆང་བཞིན་ཡོད།

2014ལོར་སི་ཕེན་གྱི་པ་སའེ་ལུའོ་ནའི་གྲོང་ཁྱེར་སྲིད་གཞུང་གིས་ཁུང་ཙི་སློབ་གླིང་ལ་བྱ་དགའ་སྤྲད་དེ་ཁུང་ཙི་སློབ་གླིང་གིས་ཀྲུང་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་བྱ་རྒྱུར་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཆེན་པོ་ཕུལ་བར་གཟེངས་བསྟོད་བྱས་པ་དང་། དེ་རྗེས་གྲོང་ཁྱེར་ལྟེ་གནས་སུ་ཁུང་ཙི་སློབ་གླིང་ལ་རིན་མེད་ངང་སྨི་ངོས་གྲུ་སྟོང་ཙམ་གྱི་སློབ་གྲྭ་གཉེར་ས་སྤྲད་ཡོད། པ་སའེ་ལུའོ་ནའི་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཁྲང་ཧྲི་རུའུ་ཡིས“སློབ་གྲྭ་བཙུགས་ཚུན་ཁུང་ཙི་སློབ་གླིང་གིས་ས་གནས་དེའི་མི་དམངས་ལ་ལས་ཞུགས་ལས་གནས་40ལྷག་ཙམ་གཏོད་པ་དང་ང་ཚོའི་སློབ་མ་ཚོས་རྒྱ་སྐད་སྦྱངས་ནས་ལས་ཀ་ཡག་པོ་རག་ཐུབ་པ་མ་ཟད། ད་དུང་སློབ་མ་ཁག་གཅིག་ལ་རྒྱ་ཡིག་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ཡང་རག་ཡོད”ཅེས་བཤད།

རྒྱ་ཡིག་དགེ་རྒན་ཞིག་བྱ་ཆེད། མའར་ཐ་བ་ལུའུ་ཨན་ན·ཆེ་ཉི་ཡིས་མའར་ཐ་ཡི་སྤྱི་ཁྱབ་ཅིང་ལི་གཞོན་པའི་གཞུང་ལས་ཁང་གི་ལས་ཀ་ལས་དགོངས་ཞུས་ནས་ཡུལ་དེའི་ཁུང་ཙི་སློབ་གླིང་དུ་བློ་རྩེ་གཅིག་སྒྲིམ་ངང་རྒྱ་ཡིག་སྦྱོང་བར་ཡོང་། ཁོང་གིས་གསར་འགོད་པར“ང་རྒྱ་ཡིག་དགེ་རྒན་ཞིག་བྱེད་འདོད་འདུག གང་ལགས་ཞེ་ན། ང་རང་རྒྱ་ཡིག་ལ་ཧ་ཅང་དགའ་པོ་ཡོད། ངས་མའར་ཐ་བ་སྔར་བས་མང་བ་རྒྱ་ཡིག་སྦྱོང་བ་དང་ཀྲུང་གོ་བ་དང་གྲོགས་པོ་སྒྲིག་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན”ཞེས་བཤད།

ཁུང་ཙི་སློབ་གླིང་གི་སློབ་ཁྲིད་བྱེད་སྟངས་ཡོ་རོབ་ཀྱི་ཕྲུ་གུ་ཚོའི་སེམས་ནང་འཇགས་ཤིང་། སྐབས་བཅུ་པའི“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་གི་སློབ་གྲྭ་འབྲིང་ཆུང་གི་རྒྱའི་སྐད་ཡིག་འགྲན་བསྡུར་གྱི་ཕོ་ལན་འགྲན་ཁུལ་གྱི་མཐའ་བསྡུར་ནང་ཁེ་ལ་ཁོའོ་ཕུའུ་ཡི་སློབ་འབྲིང་གཉིས་པའི་ཐུང་ཅིན་ཨན་གྱིས་ཨང་དང་པོ་བླངས་ཡོད། ཁོང་གིས་གཏམ་བཤད་བྱེད་སྐབས“དེ་གར་བཞུགས་པའི་རྒན་ལགས་རྣམ་པ་དང་ཞིབ་དཔྱད་ཨུ་ཡོན་རྣམ་པས་ངའི་གདོང་རིས་ངེས་པ་གནང་རོགས། ལོ་མང་སོང་རྗེས་ང་ཚོ་ཀྲུང་གོའི་ཁྲོམ་གཞུང་དུ་ཐུག་སྐབས་ཕན་ཚུན་ངོ་ཤེས་ཐུབ། ངས་ཀྲུང་གོར་སློབ་སྦྱོང་དང་ལས་ཀ་བྱེད་པར་ཕྱིན་ཏེ་ཕོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་སྤེལ་རེས་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།