ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གསུམ་པའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་གླིང་སྣེ་བྱང་མའི་ལས་དོན་གྱི་མཐོ་རིམ་གྲོས་མོལ་ཧྲང་ཧེ་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐོར་ཐེངས་གསུམ་པའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་གླིང་སྣེ་བྱང་མའི་ལས་དོན་གྱི་མཐོ་རིམ་གྲོས་མོལ་ཚེས་བརྒྱད་ཉིན་ཧྲང་ཧེ་ནས་ཚོགས།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་གླིང་སྣེ་བྱང་མའི་ལས་དོན་གྱི་དམིགས་བསལ་འཐུས་མི་ཀའོ་ཧྥུན་དང་། ཧན་གོའི་ཕྱི་འབྲེལ་པུའུ་ཡི་གླིང་སྣེ་བྱང་མའི་ལས་དོན་གྱི་གཞུང་ཚབ་པ་ཁང་ཀྲིན་ཀྲི། འཇར་པན་ཕྱི་འབྲེལ་པུའུ་ཡི་གླིང་སྣེ་བྱང་མའི་ལས་དོན་གྱི་གཞུང་ཚབ་པ་ཧྲན་པིན་རོང་ཨར་བཅས་གྲོས་མོལ་ལ་ཞུགས།

རྒྱལ་ཁབ་གསུམ་གྱིས་གླིང་སྣེ་བྱང་མའི་འགྱུར་ལྡོག་ལས་བྱུང་བའི་འཛམ་གླིང་ཡོངས་ཅན་གྱི་འགྲན་རྩོད་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཁས་ལེན་བྱས་ཤིང་། གླིང་སྣེ་བྱང་མའི་ཞི་བདེ་དང་གཏན་འཇགས། རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་འཇོག་འདོད་ཡོད་པའི་ཚུལ་བསྟན། རྒྱལ་ཁབ་གསུམ་གྱིས་ཀྲུང་གོའི་སྲིད་གཞུང་གིས་ད་ལོའི་ཟླ་དང་པོར་དངོས་སུ་སྤེལ་བའི་ཀྲུང་གོའི་གླིང་སྣེ་བྱང་མའི་སྲིད་ཇུས་ཀྱི་རྒྱབ་ཤ་དཀར་པོའི་དཔེ་ཆར་དགའ་བསུ་ཞུས་པ་དང་། གླིང་སྣེ་བྱང་མའི་ཚན་རིག་ཞིབ་འཇུག་དེ་མཉམ་ལས་ཁྱབ་ཁོངས་གཙོ་བོར་བྱེད་པར་འཐད་པ་བྱུང་། རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་གླིང་སྣེ་བྱང་མའི་ལས་དོན་ལྷན་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། གྲོས་མོལ་བྱས་རྗེས་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་གླིང་སྣེ་བྱང་མའི་ལས་དོན་གྱི་གྲོས་མོལ་དེ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲུབ་འབྲས་ཤིག་ཡིན་པ་དང་། གྲོས་མོལ་དེ་ནི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་གླིང་སྣེ་བྱང་མའི་སྲིད་ཇུས་བརྗེ་རེས་ལ་ཤུགས་སྣོན་པ་དང་། གླིང་སྣེ་བྱང་མ་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཡར་སྐུལ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན། ད་ལོའི་ཟླ་ལྔ་བའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པའི་མཉམ་འབྲེལ་བསྒྲགས་གཏམ་ལས་གྲོས་མོལ་དེར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པར་མ་ཟད། རྒྱལ་ཁབ་གསུམ་གྱི་གླིང་སྣེ་བྱང་མའི་མཉམ་ལས་ཀྱི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་ཡོད། སྐོར་ཐེངས་བཞི་བའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་གླིང་སྣེ་བྱང་མའི་ལས་དོན་གྱི་མཐོ་རིམ་གྲོས་མོལ་དེ་སང་ལོར་ཧན་གོ་ནས་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།