ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཐུར་ཁེ་དང་ཞི་ལཱའི་ཡུལ་གྱར་བའི་ཕྱིར་ལྡོག་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཞི་ལཱའི་ཁྲིམས་ཁང་གིས་ཉིས་སྟོང་བཅུ་དྲུག་ལོའི་ཐུར་ཁེའི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ནང་ཞུགས་པའི་ཐུར་ཁེའི་དམག་མི་བརྒྱད་ཕྱིར་གཏོང་རྒྱུ་ཁྱབ་སྒྲོག་བྱས་པའི་དབང་གིས་ཐུར་ཁེ་ཕྱོགས་ཀྱིས་ཞི་ལཱའི་བར་བཀོད་པའི་ཡུལ་གྱར་བ་ཕྱིར་ལྡོག་གི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར།

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེས་ཡོ་རོབ་གླིང་མནའ་འབྲེལ་བར་བཀོད་པའི་ཡུལ་གྱར་བའི་གྲོས་མཐུན་མིག་སྔར་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཞི་ལཱའི་བར་བཀོད་པའི་ཕྱོགས་གཉིས་ཀྱི་ཡུལ་གྱར་བ་ཕྱིར་ལྡོག་གི་གྲོས་མཐུན་དེ་ད་ལྟ་ལག་བསྟར་བྱེད་མཚམས་བཞག་ཡོད་ཟེར།

ཁོས་བསྟན་དོན། ཞི་ལཱ་ཡིས་ཐུར་ཁེའི་དམག་མི་ཕྱིར་མི་སྤྲོད་པའི་བྱ་སྤྱོད་དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ཐུར་ཁེ་ནས་ལེགས་འགྲུབ་མ་བྱུང་བའི་དམག་དོན་སྲིད་འགྱུར་བྱུང་རྗེས། ཐུར་ཁེའི་དམག་མི་བརྒྱད་གྱེན་འཕུར་གནམ་གྲུར་བསྡད་དེ་ཞི་ལཱ་རུ་བྲོས་བྱོལ་བྱས། དེའི་རྗེས་སུ་ཞི་ལཱའི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོར། ཞི་ལཱའི་ཆེས་མཐོའི་ཁྲིམས་ཁང་གིས་ཐུར་ཁེ་ལ་ཕྱིར་སྤྲོད་པའི་རེ་བ་དང་ལེན་མ་བྱས། ཟླ་འདིའི་ཚེས་བཞིའི་ཉིན། ཞི་ལཱའི་ཆེས་མཐོའི་ཁྲིམས་ཁང་གིས་ཐུར་ཁེའི་དམག་མི་བརྒྱད་པོ་དེ་བཙོན་གྲོལ་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཉིས་སྟོང་གཅིག་ལོར་ཐུར་ཁེ་དང་ཞི་ལཱ་ཡིས་བཀོད་པའི་ཡུལ་གྱར་ཕྱིར་ལྡོག་གི་གྲོས་མཐུན་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཕྱིར་སྤྲོད་དགོས་པ་རེད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པར། ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེ་ཡིས་གྲོས་མཐུན་བཀོད་དེ། ཐུར་ཁེ་བརྒྱུད་དེ་ཞི་ལཱ་རུ་སོང་བའི་ཁྲིམས་འགལ་ཡུལ་གྱར་བ་ཚང་མ་ཕྱིར་ཐུར་ཁེ་ལ་སྤྲོད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ལ་མ་དངུལ་འདོན་སྤྲོད་བྱས་ཏེ་ཡུལ་གྱར་བའི་འབྲེལ་ཡོད་བྱ་བར་རོགས་འདེགས་བྱས་པ་རེད།

ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐུར་ཁེ་དང་ཞི་ལཱའི་ཡུལ་གྱར་བ་ཕྱིར་ལྡོག་གི་གྲོས་མཐུན་ལག་བསྟར་བྱེད་མཚམས་བཞག་རྗེས། ཐུར་ཁེ་ཡིས་ཞི་ལཱ་ནས་ཕྱིར་ལྡོག་པའི་ཡུལ་གྱར་བ་དང་ལེན་བྱེད་རྒྱུ་མིན་པས། ཕྱིན་ཆད་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེའི་ཡུལ་གྱར་བའི་གྲོས་མཐུན་ལག་བསྟར་བྱེད་པར་དཀའ་ཁག་སྔར་ལས་ཆེན་པོ་བཟོས་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།