ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་ཚེས་བཞིའི་ཉིན་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཉིན་གུང་གི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་ཡས་མས་སུ་ཉེན་ཟོན་ས་ཁུལ་ལྔ་བའི་སློབ་ཆེན་ཞིག་གི་ཉེ་འདབས་ནས་བྱུང་བ་རེད། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གྱིས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་དང་། སྐབས་ཐོག་དེར་མང་ཚོགས་སྟོང་ཕྲག་ལྷག་དོན་རྐྱེན་བྱུང་སའི་ཉེ་འདབས་སུ་མཉམ་དུ་འདུས་ཏེ་འཐབ་འཁྲུག་ལ་རྒོལ་བའི་བྱ་འགུལ་སྤེལ་བཞིན་ཡོད་ཟེར།

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཏན་ནེ་ཧྲི་ཡིས་གསར་འགྱུར་ལས་རིགས་ལ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བདེན་དཔང་བྱས་ཀྱང་། ནང་སྲིད་པུའུ་ཡིས་འཇབ་རྒོལ་དོན་རྐྱེན་དེའི་ནང་དོན་ཞིབ་ཏུ་ཁྱབ་སྒྲོག་བྱས་མེད།

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

འབྲེལ་ཡོད་མི་སྣས་གསར་འགོད་པར་བསྟན་དོན། འགས་གཏོར་དོན་རྐྱེན་བྱུང་སྐབས་ཡུལ་དངོས་སུ་མི་མང་བོ་འདུས་ཡོད་པས། ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར། མིག་སྔར་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་བཀག་སྡོམ་བྱས་ཏེ་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།