ཀྲུང་གོ་བོད་ཀྱི་དྲ་བ།

ཤམ་བྷ་ལའི་གྲོས་མོལ་སྐབས་བཅུ་བདུན་པ་ནས་གཙོ་བོར་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ཕོར་དུ་སྤེལ་བཞིན་པའི་ཤམ་བྷ་ལའི་གྲོས་མོལ་སྐབས་བཅུ་བདུན་པས་ཚེས་གཉིས་ཉིན་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་ཐད་ནས་ཆེད་དོན་གྲོས་བསྡུར་སྤེལ། ཧན་གོ་དང་འཇར་པན། ཁཱ་ནཱ་ཏཱ་བཅས་ཀྱི་རྒྱལ་སྲུང་དཔོན་རིགས་ཀྱིས་སོ་སོར་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གཏམ་བཤད་སྤེལ། ཚོགས་རའི་ཕྱི་ནང་གི་དཔོན་རིགས་དང་དབྱེ་ཞིབ་མི་སྣས་བལྟས་ན། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བདེ་འཇགས་དང་གཏན་འཇགས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་གཙོ་བོ་ཞིག་ཡིན་པ་དང་། དེའི་འཕེལ་ཕྱོགས་ཀྱིས་ས་ཁུལ་རང་གི་མ་འོངས་པའི་བདེ་འཇགས་གནས་བབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཟེར།

ཧན་གོའི་རྒྱལ་སྲུང་བློན་ཆེན་སུང་ཡུང་ཝུའུ་ཡིས་གཏམ་བཤད་སྤེལ་ཏེ་བསྟན་དོན། ལོ་རྒྱུས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་འབྲེལ་ཡོད་ཕྱོགས་གཉིས་ཀྱི་མ་འོངས་པའི་རེ་འདུན་ལ་གནོད་པ་ཐེབས་སུ་འཇུག་མི་རུང་། དེ་ལྟ་མིན་ཚེ་ཕྱོགས་གཉིས་ཀྱིས་དུས་གཏན་དུ་གྲོས་མོལ་མགོ་རྩོམ་ཐབས་མེད་ལ། དུས་གཏན་དུ་ཞི་བདེ་མཉམ་གནས་མངོན་འགྱུར་བྱེད་ཐབས་མེད། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་དོན་དེའི་ཐད་འབད་བརྩོན་གང་ལེགས་བྱེད་བཞིན་ཡོད་པ་དང་། ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་གི་མགོ་རྩོམ་པར་སྐུལ་བཞིན་ཡོད་ཟེར།

ཁོས་ནན་གྱིས་བསྟན་དོན། ཧན་གོ་ཡིས་ཁྲའོ་ཞན་ལ་རོགས་རམ་བྱས་ཏེ་སྲིད་དབང་གཏན་འཇགས་སྲུང་འཛིན་བྱེད་པ་དང་། ཁྲའོ་ཞན་གྱི་མི་དམངས་ཀྱིས་འཚོ་བའི་རྒྱུ་སྤུས་ལེགས་བཅོས་བྱེད་པར་རོགས་རམ་བྱེད་འདོད་ཡོད། ཧན་གོས་འཚོལ་ཞིབ་བྱེད་པ་ནི་ཞི་བདེའི་སྒྲོམ་གཞིའི་འོག་གི་མཛའ་མཐུན་མཉམ་གནས་ཡིན་ལ། དེ་ནི་ནམ་རྒྱུན་གྱི་རྩ་དོན་ཞིག་ཡིན་ཟེར།

ཁཱ་ནཱ་ཏཱའི་རྒྱལ་སྲུང་བློན་ཆེན་སཱ་ཀྲན་གྱིས་བལྟས་ན། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཁྱད་པར་དུ་འདས་པའི་ཟླ་ངོ་འགའི་ནང་མི་སེམས་ལ་སྐུལ་མ་ཐེབས་པའི་སྣང་ཚུལ་བཟང་བོ་བྱུང་བ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་ཡར་སྐུལ་ཐུབ་པའི་གྲུབ་འབྲས་རེ་འགའ་ཐོབ་ཡོད་ཀྱང་། གཏན་འཇགས་མིན་པའི་སྣང་ཚུལ་སྔར་བཞིན་གནས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་སེམས་ཆུང་རྣམ་ཆུང་བྱེད་དགོས་པར་འདོད།

སིང་ག་ཕོར་རྒྱལ་བཙུགས་སློབ་ཆེན་ཨེ་ཤ་ཡཱ་ཤར་མའི་ཞིབ་འཇུག་ཁང་གི་མགོ་བའི་ལས་རོགས་པ་ཁྲིན་ཀང་གིས་བལྟས་ན། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྲའོ་ཞན་གྱི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་སེམས་ཁུར་བྱས་ཏེ། ཕྱོགས་གསུམ་པས་འགན་སྲུང་བྱེད་པའི་རྐྱེན་སྲོལ་བཙུགས་ན། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པའི་མདུན་ལྗོངས་མངོན་འགྱུར་བྱེད་སྲིད་པར་འདོད།

མཱ་ལེ་ཞི་ཡཱའི་ཨེ་ཤ་ཡཱ་གླིང་ཐབས་ཇུས་དང་མགོ་ཁྲིད་ཞིབ་འཇུག་ཁང་གི་རྒྱལ་སྤྱིའི་ལས་དོན་གྱི་མཐོ་རིམ་བློ་འདོན་པ་ཧུའུ་ཡེ་ཧྲན་གྱིས་བལྟས་ན། ཨེ་ཤ་ཡཱ་ཤར་ལྷོ་སོགས་ཨེ་ཤ་ཡཱའི་རྒྱལ་ཁབ་དག་གིས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་པར་རེ་བ་བྱས་ཡོད་པ་དང་། དེའི་ཞོར་དུ་ཁྲའོ་ཞན་ཡང་བསྐྱར་རྒྱལ་སྤྱིའི་གཙོ་རྒྱུན་སྤྱི་ཚོགས་སུ་ཞུགས་པར་ཡང་རེ་བ་བྱས་ཡོད། དེ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དུ་ཡུན་རིང་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་པར་འདོད།

སྐབས་འདིའི་ཤམ་བྷ་ལའི་གྲོས་མོལ་དེ་ཚེས་གཅིག་ཉིན་ནས་ཚེས་གསུམ་ཉིན་བར་སིང་ག་ཕོར་ནས་སྤེལ་བ་དང་། བསྡོམས་པས་རྒྱལ་ཁབ་བཅུ་བདུན་གྱི་རྒྱལ་སྲུང་བློན་ཆེན་དང་། དེ་མིན་རྒྱལ་ཁབ་བཞི་བཅུ་ལྷག་གི་མཐོ་རིམ་དམག་དཔོན་དང་མཁས་པ་བཅས་མི་དྲུག་བརྒྱ་ལྷག་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།