ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཐུན་མོང་འགོག་སྲུང་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་ཧྭ་ཧྲ་ནས་སྤེལ་བའི་བྱང་ཆིངས་རྩ་འཛུགས་ཀྱི་གྲོས་མིའི་ཚོགས་ཆེན་གྱི་དཔྱིད་ཀའི་གྲོས་ཚོགས་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་བར་འགལ་བ་ཡོད་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱིས་ཐུན་མོང་འགོག་སྲུང་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བསྟན་དོན། ཉེ་བའི་ཟླ་ངོ་འགའི་རིང་ལ། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་བར་ཕཱ་རེ་སིའི་ནམ་ཟླའི་འགྱུར་ལྡོག་གི་གྲོས་ཆོད་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སོགས་གནད་དོན་གལ་ཆེན་རེ་འགའི་ཐད་འགལ་བ་གནས་ཡོད། འགལ་བ་ཡོད་ཀྱང་བྱང་ཆིངས་རྩ་འཛུགས་ཀྱིས་ཐུན་མོང་འགོག་སྲུང་འགན་འཁྲི་རྒྱུན་འཁྱོངས་བྱེད་དགོས་ལ། ཁོངས་གཏོགས་རྒྱལ་ཁབ་དག་གིས་ད་ལོའི་ཟླ་བདུན་པར་པུའུ་ལུའུ་སེར་ནས་བསྡུ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་ཨུ་རུ་སིའི་སྲིད་ཇུས་དང་དེ་མིན་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་ལས་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

དེ་ལས་གཞན་སི་ཐའོ་ཨར་ཐིན་པེ་ཀི་ཡིས་བསྟན་དོན། དུས་ཡུན་ཐུང་ངུའི་ནང་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་དཀའ་ཡང་། ངེས་པར་དུ་ཨུ་རུ་སིའི་བར་གྲོས་མོལ་སྲུང་འཛིན་བྱེད་དགོས་ཟེར། ཁོས་ད་རུང་བསྟན་དོན། ཟླ་བདུན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ནས་ཡོ་རོབ་གླིང་གི་དམག་དོན་བཀོད་སྒྲིག་མྱུར་མོར་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་གི་དམ་ཟབ་འབྲེལ་བ་ནི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཁག་ཐེག་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་དུ་ཡོ་རོབ་གླིང་ཤར་ཕྱོགས་དང་ཨ་ཧྥེ་རི་ཁ་གླིང་བྱང་ཕྱོགས་ས་ཁུལ་གྱི་གཏན་འཇགས་མིན་པའི་གནས་བབ་ལ་དོ་སྣང་བྱེད་དགོས་ཟེར།

ཚོགས་ཡུན་ཉིན་བཞི་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་གྲོས་མིའི་ཚོགས་ཆེན་གྱི་དཔྱིད་ཀའི་གྲོས་ཚོགས་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་ཧྭ་ཧྲ་ནས་གྲོལ། གྲོས་ཚོགས་ལ་ཞུགས་མཁན་དག་གིས་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་པུའུ་ལུའུ་སེར་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་དམིགས་ཏེ། བྱང་ཆིངས་རྩ་འཛུགས་ཀྱིས་ཇི་ལྟར་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་དང་འཚམ་པར་བྱེད་པ་དང་འགོག་སྲུང་ཕྱིར་གཏོང་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།