ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོ་དང་དབྱི་སི་རལ་གྱིས་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་པ་མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོ་དང་དབྱི་སི་རལ་གྱིས་རང་ཚོད་བཟུང་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་ཅཱ་ཧྲ་ནས་གཏོང་འཕེན་བྱས་པའི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་པར་སེམས་ཁུར་བྱས་པ་དང་། བྱ་སྤྱོད་དེ་རིགས་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ། དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལེགས་བཅོས་བྱེད་པའི་ཐད་བཏོན་པའི་ཚེགས་བརྩོན་འགྲུས་ལ་གཏོར་བརླག་བྱེད་སྲིད་ཟེར། ཁོས་བཤད་རྒྱུར། ཕྱོགས་ཁག་སོ་སོས་རང་ཚོད་བཟུང་སྟེ། ཕཱ་ལེ་སི་ཐན་པ་དང་དབྱི་སི་རལ་གྱི་མིའི་ཚེ་སྲོག་ལ་གནོད་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོར་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དང་ཉེ་བའི་ཨེ་ཧྲི་ཁི་ཨར་ས་ཁུལ་དུ་ཉིན་དེར་སྒྱོགས་མདེལ་ཉི་ཤུ་ལྷག་གི་འཇབ་རྒོལ་ཐེབས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་འགོག་སྲུང་མ་ལག་ལ་བརྟེན་ནས་སྒྱོགས་མདེལ་སྐོར་ཞིག་བཀག་ཟེར། བསྒྲགས་པ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་མངའ་ཁོངས་སུ་ཉུང་མཐར་ཡང་སྒྱོགས་མདེལ་ཉེར་བརྒྱད་གཏོང་འཕེན་བྱས་པ་དང་། དེ་ལས་མི་གཅིག་ལ་རྨས་ཡང་མོ་ཕོག་ཡོད་ཟེར།

ཉིན་དེའི་ཕྱི་དྲོར་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་དྲག་ཆས་ཕྱོགས་ཁག་གི་དམག་དོན་སྒྲིག་ཆས་ལ་འགས་གཏོར་རབ་དང་རིམ་པ་བཏང་། ཅཱ་ཧྲ་ས་ཁུལ་གྱི་བདེ་འཇགས་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་ཁཱ་སིང་སྟོང་ཤོག་དང་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ལྷ་མཁར་སྟོང་ཤོག་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་དམིགས་འབེན་མང་བོར་འཕུར་མདའ་གཏོང་འཕེན་བྱས། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་ཀྱང་རྒྱུ་ནོར་གྱི་གྱོང་གུད་བཟོས་ཡོད་པ་རེད།

ཅཱ་ཧྲ་ས་ཁུལ་གྱི་སློབ་གསོ་པུའུ་ཡི་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་འགས་གཏོར་བཏང་བ་ལས་ཅཱ་ཧྲ་ས་ཁུལ་དབུས་ཕྱོགས་ཀྱི་སློབ་གྲྭ་ཞིག་ལ་གཏོར་བརླག་ཐེབས་པ་དང་། སྐབས་ཐོག་དེར་ཏག་ཏག་མཐོ་འབྲིང་གི་མཐར་ཕྱིན་རྒྱུགས་ལེན་སྐབས་ལ་འཁེལ་ཡོད་པས། འགས་གཏོར་ལས་སློབ་མ་ཚོའི་སེམས་ཁམས་འཚབ་འཚུབ་ཏུ་བཏང་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་མི་སྣར་ཤི་རྨས་བྱུང་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།