ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་སྔོན་ཆད་ཀྱི་དབུ་བཞུགས་ཁྲིམས་དཔོན་ཆེན་མོས་བར་བརྒལ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཨ་པཱ་ཞི་ཡིས་ཚེས28ཉིན་རྒྱལ་དམངས་གྲོས་ཁང་གི་ངོ་རྒོལ་ཕྱོགས་ཁག་གི་གཙོ་འཛིན་ཧྲ་ཨ་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཕྱོགས་གཉིས་ཀྱིས་གྲོས་མཐུན་བཀོད་དེ། ཆེས་མཐོའི་ཁྲིམས་ཁང་གི་སྔོན་ཆད་ཀྱི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ་མུའུ་ཨར་ཁི་ཡིས་རྒྱལ་ཁབ་དེའི་བར་བརྒལ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བར་འཐད་པ་བྱུང་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་ད་ལྟའི་སྲིད་གཞུང་གིས་ཟླ་འདིའི་ཚེས་སོ་གཅིག་ཉིན་རང་གི་ལོ་ལྔའི་འགན་ཡུན་མཇུག་སྒྲིལ་བ་དང་། རྒྱལ་ཁབ་དེས་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། སྲིད་འཛིན་ཏང་དང་སྲིད་འཛིན་མནའ་འབྲེལ་འདེམ་རྒྱུ་ཡིན་ལ། དེའི་རྗེས་སུ་ཙུང་ལི་གསར་བ་གདམ་ནས་ནེ་ཀི་རྩ་འཛུགས་བྱེད་རྒྱུ་རེད། བར་སྐབས་དེར་བར་བརྒལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འཁོར་རྒྱུག་ལ་སྲུང་སྐྱོབ་བྱས་ཏེ། འདེམ་བསྐོ་ཆེན་མོའི་བརྒྱུད་རིམ་ལ་རྩ་འཛུགས་དང་ལྟ་རྟོག་བྱེད་རྒྱུ་རེད།

མུའུ་ཨར་ཁི་ནི་ཕཱ་ཁི་སི་ཐན་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་སི་ཝ་ཐི་ས་ཁུལ་ནས་ཡོང་བ་ཡིན་ཞིང་། ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པ་ནས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བརྒྱད་པའི་བར་ཕཱ་ཁི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གི་དབུ་བཞུགས་ཁྲིམས་དཔོན་ཆེན་མོའི་འགན་ཁུར་བ་རེད།

ཕཱ་ཁི་སི་ཐན་གྱི་ངོ་རྒོལ་ཏང་ཁག་གཙོ་བོ་དྲང་བདེན་ལས་འགུལ་ཏང་གིས་མུའུ་ཨར་ཁི་ཡིས་བར་བརྒལ་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བར་དགའ་བསུ་ཞུས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།