ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སིའི་དམག་མི་བཞི་སི་རི་ཡཱའི་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། སི་རི་ཡཱའི་མངའ་ཁོངས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཉེ་སྔོན་སི་རི་ཡཱའི་ཤར་ཕྱོགས་ཀྱི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་རུ་ཁག་ག་གེ་མོ་ཞིག་ལ་འཇབ་རྒོལ་བྱས་ཏེ། ཨུ་རུ་སིའི་དམག་མི་བཞི་རྐྱེན་ལམ་དུ་ཤོར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། སི་རི་ཡཱའི་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་ཀྱི་ཡན་ལག་རུ་ཁག་འགའ་ཡིས་ཉེ་སྔོན་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དུ་ཡོད་པའི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་མེ་སྒྱོགས་རུ་ཁག་ཅིག་ལ་འཇབ་རྒོལ་བྱས་པ་དང་། དམག་དཔུང་དེའི་ཁྲོད་བྱ་བ་བྱེད་བཞིན་པའི་ཨུ་རུ་སིའི་དམག་མི་འགའ་དང་སི་རི་ཡཱའི་དམག་དཔུང་གིས་མྱུར་མོར་ཕྱིར་རྒོལ་ལན་སྤྲད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། འཁྲུག་རྩོད་དེ་དུས་ཚོད་གཅིག་ཙམ་འགོར་བ་དང་། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་བསྡོམས་པས་དྲག་ཆས་ཉེས་ཅན་ཞེ་གསུམ་བསད་པ་དང་། དགྲ་བོའི་མཚོན་ཆ་ཆེ་གྲས་སྒྲིག་སྦྱོར་བྱས་པའི་རླངས་འཁོར་དྲུག་གཏོར་ཟེར།

གཞན་ཡང་ཐཱ་སི་གསར་འགྱུར་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་བར་ཨུ་རུ་སིའི་དམག་དཔུང་སི་རི་ཡཱའི་སྲིད་གཞུང་གི་རེ་བ་ལྟར་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ལ་ཞུགས་པའི་ཚུན་ལ། ད་ལྟའི་བར་བསྡོམས་པས་ཨུ་རུ་སིའི་དམག་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཨུ་རུ་སིའི་དམག་མི་ལྔ་བཅུ་གནམ་གྲུ་སར་ལྷུང་བ་སོགས་འཐབ་འཁྲུག་མ་ཡིན་པའི་རྒྱུ་རྐྱེན་དབང་གིས་ཚེ་ལས་འདས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།