ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་སྔར་ལས་བདེ་འཇགས་དང་ཕན་ནུས་ལྡན་པར་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་དེ་སྔར་ལས་བདེ་འཇགས་དང་ཕན་ནུས་ལྡན་པར་བྱེད་རྒྱུ་ཡིན་ཟེར།

ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཉིན་མོ་ཡིན་པ་དང་། ཀུའུ་ཐི་ལོས་སི་ཡིས་དོན་དེའི་ཆེད་དུ་སྔ་མོ་ནས་ཡིག་ཐོག་གི་ཞུ་ཚིག་ཕུལ། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་འོག་ལས་འགན་ལག་བསྟར་བྱེད་བཞིན་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་ཕོ་མོ་ས་ཡ་གཅིག་ལྷག་ལ་བཀའ་དྲིན་ཞུས་པ་དང་། རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣ་སྟོང་གསུམ་དང་བདུན་བརྒྱ་ལྷག་ལ་གུས་འདུད་ཞུས།

ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་དེ་སྔར་ལས་བདེ་འཇགས་དང་ཕན་ནུས་ལྡན་པ་ཞིག་ཏུ་འགྱུར་བར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་འགྲན་རྩོད་ཀྱིས་ཁེངས་པའི་ཁོར་ཡུག་ལ་ཁ་གཏད་འཇལ་ཐུབ་པར་བྱེད་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་རུང་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགྲོ་མིའི་ཐོབ་ཐང་ལ་ཡར་སྐུལ་དང་ལོག་གཡེམ་མནར་གཅོད་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན། ཀུའུ་ཐི་ལོས་སི་མཱ་ལི་ནས་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཉིན་མོའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་དང་། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་འབྲེལ་ཡོད་ཀྱི་རྗེས་དྲན་བྱ་འགུལ་སྤེལ་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཉིས་སྟོང་གཉིས་ལོར་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་མི་སྣའི་ཉིན་མོར་གཏན་འཁེལ་བྱས། ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་གདམ་གསེས་བྱེད་དོན་ནི་གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོའི་ཉིན་དེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབུས་ཤར་ས་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་རྩ་འཛུགས་མངག་གཏོང་བྱས་ཏེ། ཐོག་དང་པོར་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ལག་བསྟར་བྱས་པས་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།