ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྙན་ཞུ་ལས་དབྱི་ལིང་གིས་སྔར་བཞིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས་ཉེར་བཞིའི་ཉིན་སྙན་ཞུ་སྤེལ་ཏེ། དབྱི་ལིང་གིས་སྔར་བཞིན་ལས་ཁུངས་དེའི་བར་མཉམ་ལས་བྱེད་བཞིན་ཡོད་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་དེ་ལག་བསྟར་བྱེད་བཞིན་ཡོད་ཟེར།

དེ་ནི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་རྗེས་ཀྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་འབྲེལ་བའི་སྙན་ཞུ་ཐོག་མ་རེད། སྙན་ཞུ་ལས་བསྟན་དོན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་ཞིབ་འཇུག་སོགས་གནད་དོན་ཐད་ནས་སྔར་བཞིན་གྲོས་མཐུན་གྱི་གཏན་འཁེལ་ལག་བསྟར་བྱེད་བཞིན་ཡོད་པ་དང་། དེ་ལས་གཞན་དབྱི་ལིང་གིས་སྔོན་ལྟར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁ་མ་གཏོགས་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་ཚེས་ཉེར་ལྔ་ཉིན་ཝེ་ཡེ་ནཱ་ནས་གྲོས་ཚོགས་བསྡུས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐེན་ཡེ་ཀྲི་མུས་ཀྱང་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།