ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་རྩིས་མེད་དུ་བཏང་བར་ཡིད་འཕང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་ཉེར་ལྔ་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་དྲུག་པའི་ཟླ་དཀྱིལ་དུ་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་དང་མཉམ་དུ་སིང་ག་ཕོར་ནས་གྲོས་མོལ་བྱེད་པའི་འཆར་གཞི་རྩིས་མེད་དུ་བཏང་བར་ཡིད་འཕང་བའི་ཚུལ་བསྟན།

ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་ཞོགས་པར། ཝུན་ཙེ་ཡུན་གྱིས་ཆིན་ཝ་ཐེ་ནས་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་བསྡུས་ཏེ་བྲེལ་མྱུར་གྲོས་ཚོགས་བསྡུས། ཝུན་ཙེ་ཡུན་གྱིས་ཚོགས་ཐོག་ནས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ཕྱེད་གླིང་གི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པ་དེ་ནི་བསྐྱུར་མི་རུང་ཞིང་འགོར་འགྱངས་བྱེད་མི་རུང་བའི་ལོ་རྒྱུས་རང་བཞིན་གྱི་གནད་དོན་ཞིག་རེད་ཟེར།

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཁོས་མགོ་ཁྲིད་པའི་བར་ཐད་ཀར་དང་དམ་ཟབ་ཀྱི་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།