ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཧན་གོའི་མགོ་ཁྲིད་པས་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་ཡར་སྐུལ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་འཆར་འགོད་བྱེད་བཞིན་པའི་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་སོགས་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་ཡར་སྐུལ་བྱེད་རྒྱུ་ཁས་ལེན་བྱས།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐི་ལིང་ཕུའུ་དང་ཝུན་ཙེ་ཡུན་གཉིས་ཀྱིས་འཆར་འགོད་བྱེད་བཞིན་པའི་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་སོགས་གནད་དོན་ཐད་ནས་བརྗེ་རེས་བྱས་པ་དང་། གྲོས་མོལ་ལ་འཛུགས་སྐྲུན་རང་བཞིན་གྱི་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར།

ཉིན་དེའི་ཉིན་གུང་། ཐི་ལིང་ཕུའུ་ཡིས་གྲོས་མོལ་མ་བྱས་གོང་ཝུན་ཙེ་ཡུན་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཁོ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་གྲོས་མོལ་དེ་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་སྤེལ་མི་སྲིད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། གལ་ཏེ་གྲོས་མོལ་དེ་གཏན་འཁེལ་བྱས་པའི་དུས་ཚོད་ནང་སྤེལ་མ་ཐུབ་ན། ཅུང་འགོར་རྗེས་སྤེལ་རྒྱུ་ཡིན་པ་དང་། མིག་སྔར་དོན་དེའི་ཐད་ནས་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར།

ཝུན་ཙེ་ཡུན་གྱིས་བསྟན་དོན། ཧན་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ལ་རེ་སྒུག་བྱེད་བཞིན་ཡོད་པ་དང་། ནུས་ཤུགས་གང་ཡོད་ཀྱིས་གྲོས་མོལ་ལེགས་འགྲུབ་འབྱུང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཝུན་ཙེ་ཡུན་གྱིས་ཉིན་དེའི་སྔ་དྲོར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་དང་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གཉིས་དང་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་མྱུར་དུ་སྤེལ་བའི་གྲ་སྒྲིག་བྱ་བར་ཡར་སྐུལ་བཏང་། ཕིན་ཕའེ་ཨོ་ཡིས་བསྟན་དོན། མིག་སྔར་ཨ་མེ་རི་ཁ་ཕྱོགས་ཀྱིས་འཆར་གཞི་ལྟར་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།