ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་པུར་ཀ་རི་ཡཱའི་མགོ་ཁྲིད་པས་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་བཅས་པའི་གྲོས་གཞི་མང་བོར་གྲོས་བསྡུར་བྱས།

ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོར་ཨུ་རུ་སི་དང་པུར་ཀ་རི་ཡཱ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འཕར་སྣོན་བྱུང་ཡོད་ཀྱང་། མཉམ་ལས་སྦས་ཤུགས་དེ་བླངས་པའི་གྲུབ་འབྲས་ལས་རིང་དུ་བརྒལ་ཡོད། ཉིན་འགའི་རྗེས་སུ་པུར་ཀ་རི་ཡཱའི་ཙུང་ལི་ཡིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་མུ་མཐུད་དུ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ལཱ་ཏི་ཧྥུའུ་ཡིས་བསྟན་དོན། ཁོས་ཐེངས་འདིར་ཨུ་རུ་སི་ལ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་པུར་ཀ་རི་ཡཱ་དང་ཨུ་རུ་སིའི་མཐོ་རིམ་གྲོས་མོལ་སླར་གསོ་བྱེད་པའི་ཆེད་ཡིན་ལ། དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན། པུར་ཀ་རི་ཡཱ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱུན་རིང་བའི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་བཅས་ལ་འབྲེལ་ཡོད་པ་དང་། དེས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དགེ་མཚན་མང་བོ་བསྐྲུན་ཡོད་ལ། ཞོར་དུ་ཕྱོགས་གཉིས་བར་འགལ་བ་ཡོད་པའི་གནད་དོན་ཐད་ནས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་པར་ཡང་ཡར་སྐུལ་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། རིག་གནས་ཁྱབ་ཁོངས་བཅས་སུ་གཉིས་ཕན་མཉམ་ལས་སྤེལ་ཆོག་པ་དང་། ཐེངས་འདིའི་གྲོས་མོལ་ལས་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་སྤེལ་བར་སྒུལ་ཤུགས་འདོན་སྤྲོད་བྱེད་པའི་རེ་བ་ཡོད་ཟེར།

ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་གནད་དོན་ལ་ཞིབ་ཏུ་གྲོས་བསྡུར་བྱས་པ་དང་། པུར་ཀ་རི་ཡཱའི་ཙུང་ཐུང་གི་ཐེངས་འདིའི་འཚམས་འདྲི་ནི་ཨུ་རུ་སི་དང་པུར་ཀ་རི་ཡཱའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་བརྡ་རྟགས་བཟང་བོ་ཞིག་རེད་ཟེར། ལཱ་ཏི་ཧྥུའུ་ཡིས་ད་ལོར་ཕུའུ་ཅིན་གྱིས་པུར་ཀ་རི་ཡཱ་ལ་འཚམས་འདྲི་བྱེད་པར་གདན་ཞུ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།