ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁའི་ཕྱི་འབྲེལ་དཔོན་པོ་གཉིས་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་ཉེར་གཉིས་ཉིན་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཚབ་མ་ཐའོ་ཏི་ལུའུ་པེན་ཞོན་དང་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ཆབ་སྲིད་ཁུའུ་ཡི་འགན་ཁུར་བ་པུའུ་ལེ་ཨིན་ནཱ་ལན་ཧའོ་གཉིས་ནི་དགའ་བསུ་མི་བྱེད་པའི་མི་རུ་ཁྱབ་སྒྲོག་བྱས་པ་དང་། ཁོ་གཉིས་དུས་ཚོད་ཞེ་བརྒྱད་ནང་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད།

མཱ་ཏུའུ་ལོ་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཁོས་གོང་གི་ཆོད་དོན་དེ་འདྲ་སྤེལ་བ་ནི་ཝེ་ནེ་ཙུའེ་ལཱའི་བདག་དབང་དང་ལ་རྒྱ་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར། ཁོས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་ཡང་དང་བསྐྱར་དུ་དཔུང་འཇུག་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་།

ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱིས་ཚེས་ཉི་ཤུའི་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་མཇུག་འབྲས་སྙན་ཞུ་གཉིས་པ་ལྟར་ན། འདེམ་ཤོག་བརྒྱ་ཆའི་གོ་བརྒྱད་ལྷག་ལ་བསྡོམས་རྩིས་བྱས་པ་ལྟར་ན། ད་ལྟའི་ཙུང་ཐུང་མཱ་ཏུའུ་ལོ་ལ་འདེམ་ཤོག་ས་ཡ་དྲུག་དང་འབུམ་གཅིག་ཁྲི་དགུ་ཐོབ་ནས་ཨང་དང་པོ་ཡིན་པ་རེད། ཨང་གཉིས་པར་གནས་པའི་གོང་འཕེལ་སྔ་སོ་ཏང་གི་ཀྲུའུ་ཞི་ཧྥ་ཨར་ཁུང་གིས་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་མ་བྱས་གོང་། འདེམ་བསྐོའི་བྱ་འགུལ་དེ་ཁྲིམས་འགལ་ཡིན་པ་དང་། འདེམ་བསྐོའི་མཇུག་འབྲས་ཁས་ལེན་བྱེད་མི་སྲིད་པའི་ཚུལ་བསྟན།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་འདེམ་བསྐོ་ལ་མགོ་སྐོར་གྱི་རང་བཞིན་ལྡན་པ་དང་། ཨ་མེ་རི་ཁས་མི་འགྱངས་པར་དཔལ་འབྱོར་དང་ཕྱི་འབྲེལ་གྱི་འགུལ་སྐྱོད་སྤེལ་ཏེ་ཐག་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།