ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཨ་མེ་རི་ཁར་འཚམས་འདྲིར་ཆས། ཚེས་ཉེར་གཉིས་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་རེད། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་དེ་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་གཏན་འཁེལ་བྱས་ཡོད་པས། ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་ལས་བལྟས་ན། ཝུན་ཙེ་ཡུན་གྱིས་ཐེངས་འདིའི་འཚམས་འདྲི་ལས་ཨ་མེ་རི་ཁ་དང་མཉམ་དུ་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གནད་དོན་ཐད་ཀྱི་འགལ་བ་ཇེ་ཆུང་དུ་གཏོང་བར་གྲོས་བསྡུར་བྱས་ཏེ། ཐི་ལིང་ཕུའུ་དང་ཅིན་ཀྲིན་ཨིན་གྱི་གྲོས་མོལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་པའི་ཆེད་ཡིན་པར་འདོད།

བསྒྲགས་པ་ལྟར་ན། ཝུན་ཙེ་ཡུན་གྱིས་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་ཨ་མེ་རི་ཁའི་སྲིད་གཞུང་གི་ཕྱི་འབྲེལ་དང་བདེ་འཇགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་མགོ་ཁྲིད་གཙོ་བོར་ཐུག་འཕྲད་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཐི་ལིང་ཕུའུ་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་མ་ཟད། ཇུས་འདོན་པ་གཙོ་བོ་དང་མཉམ་དུ་རྒྱ་བསྐྱེད་གྲོས་མོལ་ལ་ཞུགས་རྒྱུ་རེད། དབྱེ་ཞིབ་ལས་ཚོད་དཔག་བྱས་ན་ཧན་གོ་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་གཙོ་བོ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ལམ་ཐིག་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁས་བཏོན་པའི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ཇུས་གཞི་རབ་དང་རིམ་པ་དང་ཁྲའོ་ཞན་གྱིས་རྒྱུན་འཁྱོངས་བྱེད་པའི་དུས་རིམ་བགོ་བ་དང་དུས་མཉམ་དུ་འཛིན་པའི་རྩ་དོན་བར་ནས་མཐུན་ཆ་འཚོལ་ཞིབ་བྱེད་རྒྱུ་རེད། ཁྲའོ་ཞན་གྱིས་ཉེ་སྔོན་ཧན་གོ་དང་ཨ་མེ་རི་ཁ་ལ་མ་དགའ་བའི་རྣམ་འགྱུར་བཟུང་ཡོད་པར་དམིགས་ཏེ། ཧན་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་དོན་དེའི་ཐད་ནས་གནས་བབ་ཞི་འཇགས་སུ་གཏོང་བའི་ཇུས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།

ཝུན་ཙེ་ཡུན་ཨ་མེ་རི་ཁར་འཚམས་འདྲིར་མ་སོང་གོང་། ཚེས་ཉི་ཤུའི་ཉིན་ཐི་ལིང་ཕུའུ་ལ་ཁ་པར་བཏང་། བསྒྲགས་པ་ལྟར་ན། ཁོ་གཉིས་ཀྱིས་ཁྲའོ་ཞན་གྱི་ཉེ་བའི་དུས་སྐབས་ཀྱི་རྣམ་འགྱུར་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་སྤེལ་རྒྱུ་ཡིན་པའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས། བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐད་སྔར་བཞིན་ཡིད་མི་ཆེས་པའི་རྐྱེན་ཆེན་པོ་ཡོད་ལ། ཧན་གོ་ཕྱོགས་ཀྱིས་ཡིད་མི་ཆེས་པའི་རྐྱེན་དེ་དག་ཞི་འཇགས་སུ་གཏོང་བར་བརྩོན་ལེན་བྱེད་རྒྱུ་རེད་ཟེར། ཝུན་ཙེ་ཡུན་གྱིས་ཚེས་ཉི་ཤུའི་ཉིན་ཁ་པར་གཏོང་སྐབས་ཐི་ལིང་ཕུའུ་ལ་ཁྲའོ་ཞན་གྱིས་ཨ་མེ་རི་ཁར་བློ་མི་བདེ་བའི་རྒྱུ་རྐྱེན་འགྲེལ་བརྗོད་བྱས་པ་དང་། ཨ་མེ་རི་ཁས་ཁྲའོ་ཞན་ལ་བཙན་རྒོལ་གྱི་རྣམ་འགྱུར་འཛིན་མི་རུང་བའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།