ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཏི་ཁི་སཱ་སི་ཀྲིག་ཅཱ་ཨར་ཝེ་སི་ཏོན་རྫོང་གི་ཧྲིན་ཧྥེ་གྲོང་ཁྱེར་གྱི་མཐོ་འབྲིང་ཞིག་ཏུ་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག མེ་མདས་བརྒྱག་མཁན་གཅིག་དང་དོགས་ཡོད་ཉེས་ཅན་གཞན་པ་གཅིག་འཛིན་བཟུང་བྱས་ཡོད།
ཧྲིན་ཧྥེ་མཐོ་འབྲིང་ཕྱོགས་ཀྱིས་བསྟན་དོན། མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས། སློབ་གྲྭའི་ཕྱོགས་ཀྱིས་སློབ་མ་དག་སློབ་རའི་བདེ་འཇགས་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་སྐོར་ཁག་བགོས་ནས་སློབ་མའི་དཔེ་ཁུག་ལ་ཞིབ་བཤེར་བྱེད་བཞིན་ཡོད།
ཡུལ་དངོས་ནས་མཐོང་བའི་གནས་ཚུལ་ལྟར་ན། ཧྲིན་ཧྥེ་མཐོ་འབྲིང་གི་སློབ་རའི་ཉེ་འཁོར་དུ་ཉེན་རྟོག་པའི་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་མང་བོས་བཀང་ཡོད་པ་དང་། བར་སྣང་དུ་གྱེན་འཕུར་གནམ་གྲུས་ལྡིང་སྐོར་བྱེད་བཞིན་ཡོད་པ་རེད། །