ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱི་དཔོན་རིགས་ཀྱིས་ཕྱིན་ཆད་ཀྱི་ལྷོ་བྱང་འབྲེལ་བའི་ཁ་ཕྱོགས་དེ་ཧན་གོའི་འགུལ་སྐྱོད་ལ་རག་ལས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཧྲན་ཆོན་གྱིས་ཉིན་དེར་བསྟན་དོན། ལྷོ་བྱང་གི་མཐོ་རིམ་གྲོས་མོལ་མཚམས་འཇོག་ཏུ་བཅུག་པའི་གནད་དོན་ཚབས་ཆེན་ཐག་གཅོད་མ་བྱས་ན། ཧན་གོ་དང་མཉམ་དུ་གྲོས་མོལ་སླར་གསོ་བྱེད་པར་དཀའ་བ་དང་། ཕྱིན་ཆད་ཀྱི་ལྷོ་བྱང་གི་འབྲེལ་བའི་ཁ་ཕྱོགས་དེ་ཧན་གོའི་འགུལ་སྐྱོད་ལ་རག་ལས་ཡོད་ཟེར།

བསྒྲགས་པ་ལྟར་ན། ལིས་ཧྲན་ཆོན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཁྲའོ་ཞན་གྱིས་ཚེས་བཅུ་དྲུག་ཉིན་ཧན་གོའི་ཕྱོགས་ལ་བརྡ་ཐོ་བཏང་སྟེ། ཧན་གོའི་ཕྱོགས་ཀྱིས་འགན་ཁུར་བའི་བྱེད་ཐབས་སྤྱོད་རག་བར་དུ། ཁྲའོ་ཞན་གྱིས་ལྷོ་བྱང་གི་མཐོ་རིམ་གྲོས་མོལ་དེ་རྗེས་སུ་སྣུར་རྒྱུའི་ཚུལ་བསྟན་པར་མ་ཟད། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་བརྒྱུད་དེ་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད།

ལིས་ཧྲན་ཆོན་གྱིས་ནན་གྱིས་བསྟན་དོན། ཁྲའོ་ཞན་གྱི་ལངས་ཕྱོགས་ནི་མངོན་གསལ་དང་འགྱུར་བ་མེད་པ་ཞིག་ཡིན། ལྷོ་བྱང་གི་མཐོ་རིམ་གྲོས་མོལ་མཚམས་འཇོག་ཏུ་བཅུག་པའི་གནད་དོན་ཚབས་ཆེན་ཐག་གཅོད་མ་བྱས་ན། ཧན་གོའི་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་དཀའ་ཁག་ཧ་ཅང་ཆེ་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར་བསྒྲགས་པ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁས་ཉེ་སྔོན་ཁྲའོ་ཞན་ལ་དམིགས་པའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སོགས་དཀྲུག་འཕེན་དང་ངོ་རྒོལ་བྱ་སྤྱོད་དབང་གིས་ཁྲའོ་ཞན་གྱིས་ཚེས་བཅུ་དྲུག་ཉིན་སྤེལ་བར་གཏན་འཁེལ་བྱས་ཡོད་པའི་ལྷོ་བྱང་མཐོ་རིམ་གྲོས་མོལ་དེ་མཚམས་མི་འཇོག་ཐབས་མེད་བྱུང་། ཨ་མེ་རི་ཁས་ཉིན་རིམ་ནང་བཞག་པའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་གྱི་ལས་དབང་ལ་བསམ་བློ་ཡག་པོ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།