ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་དབུས་ཤར་གྱི་གནས་བབ་ཐད་ནས་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། དབུས་ཤར་གྱི་གནས་བབ་དང་ཨུ་རུ་སི་དང་ཐུར་ཁེའི་ནུས་ཁོངས་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། ཛ་དྲག་ཆེ་བའི་དབུས་ཤར་ས་ཁུལ་གྱི་གནས་བབ་དང་ཁྱད་པར་དུ་ཕཱ་ལེ་སི་ཐན་མང་ཚོགས་ཀྱིས་དབྱི་སི་རལ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ཡེ་ལུའུ་སཱ་ལེམ་དུ་གནས་སྤར་བར་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་བར་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ངོ་རྒོལ་མཁན་དང་དབྱི་སི་རལ་གྱི་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་ཕཱ་ལེ་སི་ཐན་ཕྱོགས་ཀྱི་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བར་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཕུའུ་ཅིན་གྱིས་དྲག་ཤུགས་གཏན་འགོག་བྱེད་དགོས་པ་ནན་བཤད་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་རྨང་གཞིའི་སྟེང་ཕན་ནུས་ལྡན་པའི་གྲོས་མོལ་འཕེལ་རིམ་བཙུགས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར།

བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་སི་རི་ཡཱའི་འགྲིག་མཐུན་འཕེལ་རིམ་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ནུས་ཁོངས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།