མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཁྲའོ་ཞན་གྱིས་བྱང་ཕྱོགས་ས་ཁུལ་གྱི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གྠལོག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བཞིའི་ཉིན་ཝེ་ཡེ་ནཱ་ནས་བསྟན་དོན། ཁྲའོ་ཞན་གྱིས་བྱང་ཕྱོགས་ས་ཁུལ་གྱི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་སིང་ག་ཕོར་གྱི་གྲོས་མོལ་ནས་གནས་བབ་བཟང་བོ་དེ་སྲ་བརྟན་དུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཨོ་སི་ཁྲུ་རི་ཡཱའི་ཙུང་ལིའི་བཞུགས་ཤག་ནས་ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཚོད་ལྟའི་ར་བའི་སྒོ་བརྒྱག་པ་ནི་ཡིད་ཆེས་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་ཕྱེད་གླིང་གི་རྒྱུན་མཐུད་ཞི་བདེ་དང་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཁོས་གནས་བབ་བཟང་བོ་དེར་ཟླ་དྲུག་པའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་སིང་ག་ཕོར་གྱི་གྲོས་མོལ་ལས་སྲ་བརྟན་དུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་ཉེ་སྔོན་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཁྲའོ་ཞན་བྱང་ཕྱོགས་ཀྱི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་བའི་མཛད་སྒོ་སྤེལ་རྒྱུ་ཡིན་པ་དང་། བྱེ་བྲག་གི་དུས་ཚོད་ནམ་ཟླའི་གནས་ཚུལ་ལ་གཞིགས་ཏེ་ཐག་གཅོད་རྒྱུ་རེད། སྐབས་ཐོག་དེར་རྒྱལ་སྤྱིའི་གསར་འགོད་པའི་ཚོགས་པས་ཡུལ་དངོས་སུ་བཅར་འདྲི་བྱས་ཆོག་ཟེར།

ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཐག་བཅད་པའི་གནས་ཚུལ་གླེང་སྐབས། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་འགྲོ་བའི་ཡོ་བྱད་གལ་ཆེན་ཞིག་ཡིན་ཟེར། ཁུའུ་ཨར་ཚི་ཡིས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱིས་ནུས་པ་ཐོན་ཡོད་པ་དང་། ཁྱད་པར་དུ་ས་ཁུལ་དེའི་བདེ་འཇགས་དང་གཏན་འཇགས་ཐད་བྱས་རྗེས་བཞག་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།