ཨུ་རུ་སི་དང་ཧྥ་རན་སིའི་ཙུང་ཐུང་གིས་ཁ་པར་གྲོས་མོལ་བྱས་ཏེ་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་ལྔ་ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་བསྟན་དོན། ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་ནན་མོ་བྱེད་རྒྱུ་ཡིན་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གཏོང་སྐབས་ཨ་མེ་རི་ཁས་ཕྱོགས་གཅིག་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་རྗེས་གྲུབ་པའི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་གྲོས་མཐུན་དེ་ལག་བསྟར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཕྱོགས་གཉིས་ཀྱིས་མཱ་ཁི་ལུང་གིས་ཟླ་འདིའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པའི་གནས་ཚུལ་ལ་གྲོས་བསྡུར་བྱས་པ་དང་། སྐབས་ཐོག་དེའི་གྲོས་མོལ་ལས་གླེང་སྲིད་པའི་རྒྱལ་སྤྱི་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲོས་གཞི་གལ་ཆེན་གཏན་འཁེལ་བྱས། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།