ཨུ་རུ་སི་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བཞིའི་ཉིན་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་དབྱི་ལིང་དང་འབྲེལ་ཡོད་ཕྱོགས་ཁག་གཞན་པ་དག་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་ལས་མིག་སྔའི་ཉམས་ཉེན་རྣམ་པ་བྱུང་བ་དང་། ཨུ་རུ་སི་ཡིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ད་ལྟའི་རྐྱེན་སྲོལ་བེད་སྤྱད་དེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཞེས་པའི་ཡིག་ཆ་གལ་ཆེན་དེར་གཏོར་བརླག་གཏོང་བར་བཀག་འགོག་བྱེད་པ་དང་། ས་ཁུལ་གྱི་གནས་བབ་ཟང་ཟིང་དུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་པའི་རྐྱེན་སྲོལ་ལ་འཇིགས་ཉེན་གསར་བ་ཐེབས་པར་སྔོན་འགོག་བྱེད་པའི་རེ་བ་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་དབྱི་ལིང་གིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རེ་འདུན་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གནད་དོན་སྟེང་། ཨུ་རུ་སི་དང་ཕྱོགས་ཁག་གཞན་པ་ཚང་མར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ཡོད་ལ། དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ་ཡོད་པས། ངེས་པར་དུ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།

ཀྲ་ལི་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་རྗེས། ཁོས་བསྟུད་མར་ཀྲུང་གོ་དང་ཨུ་རུ་སི། ཡོ་རོབ་གླིང་གི་རྒྱལ་ཁབ་སྐོར་ཞིག་ལ་འཚམས་འདྲི་བྱས་པ་ཡིན། དེའི་དམིགས་ཡུལ་ནི་དབྱི་ལིང་གི་ཁེ་ཕན་ལ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་འོག་སྲུང་སྐྱོབ་ཐོབ་པར་ཁས་ལེན་བྱེད་པའི་ཆེད་རེད། ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བ་དེ་ཨ་མེ་རི་ཁའི་སྲིད་གཞུང་གི་རྒྱུན་སྲོལ་དུ་གྱུར་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་སྲོལ་ལ་སྲུང་སྐྱོབ་བྱེད་དགོས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེས་དབྱི་ལིང་དང་ཡོ་རོབ་གླིང་མནའ་འབྲེལ། ཨ་མེ་རི་ཁ་བཅས་བར་གྱི་འོས་འགན་དོ་མཉམ་མངོན་འགྱུར་བྱས་ཡོད་ཀྱང་། ཨ་མེ་རི་ཁ་གྲོས་མཐུན་ལས་ཕྱིར་བུད་རྗེས། དོ་མཉམ་དེར་གཏོར་བརླག་ཐེབས་ཡོད་ཟེར།

ཀྲ་ལི་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། དབྱི་ལིང་དང་ཨུ་རུ་སིའི་བར་གྱི་མཉམ་ལས་བཟང་བ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།