ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ཕོར་གྱི་ཙུང་ལི་ཡིས་གང་ནུས་ཀྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ཕོར་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། སིང་ག་ཕོར་གྱིས་ནུས་པ་གང་ཡོད་བཏོན་ནས་ཟླ་དྲུག་པའི་ཟླ་དཀྱིལ་དུ་སྤེལ་རྒྱུ་ཡིན་པའི་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་གྲོས་མོལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ལིས་ཞན་ལུང་གིས་ཁ་པར་གཏོང་སྐབས་བསྟན་དོན། ཁོས་ཐི་ལིང་ཕུའུ་སིང་ག་ཕོར་དུ་ཡོང་ནས་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་སྤེལ་རྒྱུ་ཡིན་པའི་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་དོན་ཆེན་ཞིག་ཡིན་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་དུས་ཡུན་རིང་བོའི་ཞི་བདེ་དང་གཏན་འཇགས་ལ་འགན་སྲུང་བྱེད་པའི་རིམ་པ་གལ་ཆེན་ཞིག་ཡིན། སིང་ག་ཕོར་གྱིས་ཐེངས་འདིའི་གྲོས་མོལ་གཙོ་སྒྲུབ་བྱེད་ཐུབ་པ་བྱུང་བར་གཟི་བརྗིད་དུ་རློམ་ཡོད་པ་དང་། ནུས་པ་གང་ཡོད་བཏོན་ནས་གྲོས་མོལ་དེ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ལིས་ཞན་ལུང་གིས་ཁ་པར་བརྒྱུད་དེ་ཐི་ལིང་ཕུའུ་ཡིས་ད་ལོའི་ཟླ་བཅུ་གཅིག་པའི་སྔོན་ལ་སིང་ག་ཕོར་དུ་རྒྱལ་དོན་འཚམས་འདྲི་བྱེད་པ་དང་། སྐབས་དྲུག་པའི་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་མཐོ་རིམ་གྲོས་ཚོགས། ཨེ་ཤ་ཡཱ་ཤར་མའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས། ཐི་ལིང་ཕུའུ་ཡིས་བསྟན་དོན། ཁོས་གང་ནུས་ཀྱིས་གྲོས་མོལ་ལ་ཞུགས་ཐུབ་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། སིང་ག་ཕོར་གྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་འགོ་ཁྲིད་པའི་གྲོས་མོལ་ལ་གཙོ་སྒྲུབ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དེ་འདས་པའི་ཟླ་ངོ་འགའི་ནང་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་དེ་དུས་ཡུན་རིང་བོར་ཐག་གཅོད་བྱེད་ཐུབ་མེད་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་འབྱུང་བའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།