ཀྲུང་གོ་བོད་ཀྱི་དྲ་བ།

རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་རྟོག་ཞིབ་ཚོགས་པས་ཏུའུ་མཱའི་ཡུལ་དངོས་རྟོག་ཞིབ་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསེར་འགྱུར་ཁང་གི་གློག་འཕྲིན་ལྟར། རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེའི་རྟོག་ཞིབ་ཚོགས་པས་སི་རི་ཡཱའི་ཏུའུ་མཱ་གྲོང་རྡལ་ནས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་དོན་རྐྱེན་ལ་ཡུལ་དངོས་ནས་རྟོག་ཞིབ་བྱེད་པའི་བྱ་བ་མཇུག་སྒྲིལ་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྟོག་ཞིབ་ཚོགས་པས་ཏུའུ་མཱ་ནས་བདེན་དཔང་འཚོལ་སྡུད་ཀྱི་བྱ་བ་རགས་ཙམ་སྤེལ་བ་དང་། ས་དེ་ནས་འཚོལ་སྡུད་བྱས་པའི་འབྲེལ་ཡོད་དཔེ་གཞི་དག་རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱིས་ངེས་གཏན་བྱས་པའི་ཚོད་ལྟ་ཁང་དུ་བསྐྱལ་ནས་དབྱེ་ཞིབ་བྱེད་རྒྱུ་ཡིན་ལ། དབྱེ་ཞིབ་ཀྱི་བརྒྱུད་རིམ་དེར་ཉུང་མཐར་ཡང་གཟའ་འཁོར་གསུམ་དང་བཞི་དགོས་པས། རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱིས་རྟོག་ཞིབ་སྙན་ཞུ་ཁོངས་གཏོགས་རྒྱལ་ཁབ་དག་ལ་གྲོས་ཞིབ་བྱེད་པར་སྤྲོད་པའི་དུས་ཚོད་གཏན་འཁེལ་བྱེད་ཐབས་མེད་ཟེར།

ཟླ་བཞི་བའི་ཚེས་བདུན་ཉིན། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཏུང་ཀུའུ་ཐཱ་ས་ཁུལ་གྱི་ཏུའུ་མཱ་གྲོང་རྡལ་ནས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་དོན་རྐྱེན་བྱུང་བར་བཤད། སི་རི་ཡཱའི་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་བཀོལ་བའི་སྐྱོན་འཛུགས་དེ་མཐའ་གཅིག་ཏུ་ཁས་ལེན་མ་བྱས་པར། འབྲེལ་ཡོད་ཀྱི་གནས་ཚུལ་དེ་ནི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་རྒྱབ་སྐྱོར་བྱེད་པའི་སྨྱན་བྱད་དག་གིས་རྫུན་བཟོ་བྱས་པའི་གསར་འགྱུར་རེད་ཟེར། སི་རི་ཡཱ་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུའི་ཉིན་བཤད་རྒྱུར། སི་རི་ཡཱའི་ཕྱོགས་ཀྱིས་རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱིས་རྟོག་ཞིབ་ཚོགས་པ་དངོས་སུ་གདན་ཞུ་བྱས་ནས་ཏུའུ་མཱ་རུ་སོང་སྟེ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན་དང་ཚེས་ཉེར་ལྔ་ཉིན། རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱི་རྟོག་ཞིབ་ཚོགས་པ་ཐེངས་གཉིས་ལ་ཏུའུ་མཱ་རུ་སོང་ནས་དོན་རྐྱེན་དེར་རྟོག་ཞིབ་བྱས།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་དོན་རྐྱེན་བྱུང་རྗེས་ཐེངས་མང་བོར་སི་རི་ཡཱའི་སྲིད་གཞུང་ལ་དམག་དོན་འགུལ་སྐྱོད་སྤེལ་རྒྱུའི་འཇིགས་སྐུལ་བྱས། ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར། ཨ་མེ་རི་ཁས་དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ལ་མཉམ་འབྲེལ་བྱས་ཏེ། སི་རི་ཡཱའི་དམག་དོན་སྒྲིག་ཆས་ལ་གནད་ལ་འཁེལ་བའི་ཆམ་ཕབ་བཏང་། ཐེངས་འདིའི་དམག་དོན་འགུལ་སྐྱོད་ཁྲིམས་མཐུན་ཡིན་མིན་ལ་རྒྱལ་ཁབ་སྐོར་ཞིག་དོགས་པ་ཟ་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལང་ལོང་སྒོས་དྲང་བདེན་གྱིས་སི་རི་ཡཱའི་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།