ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱ་ནས་ཡང་བསྐྱར་རྔམ་སྟོན་ངོ་རྒོལ་བྱ་འགུལ་བྱུང་བ་དང་སྲིད་འཛིན་ཏང་གིས་ཉམས་ཉེན་དེ་ཐག་གཅོད་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་མེ་ནི་ཡཱའི་རྒྱལ་ས་ཨེ་ལི་ཝུན་ནས་ཚེས་གཉིས་ཉིན་ངོ་རྒོལ་ཕྱོགས་ཁག་གིས་ཡང་བསྐྱར་ངོ་རྒོལ་བྱ་འགུལ་སྤེལ་བས། སྲིད་འཛིན་ཏང་གི་ལངས་ཕྱོགས་ལ་གཡོ་འགུལ་བྱུང་ནས། ཉམས་ཉེན་དེ་ཟླ་ལྔ་བའི་ཚེས་བརྒྱད་ཉིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། རྔམ་སྟོན་ཁྲོམ་སྐོར་བྱེད་པའི་མང་ཚོགས་དག་གིས་ཉིན་དེའི་སྔ་མོར་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་ཕཱ་ཞེ་ནེ་དབྱང་གི་མགོ་ཁྲིད་འོག་ཨེ་ལི་ཝུན་གྱི་འགྲིམ་འགྲུལ་གཞུང་ལམ་གཙོ་བོ་དག་བཀག་སྡོམ་བྱས། སློབ་མ་མང་བོས་ཨེ་ལི་ཝུན་གྱི་དཀྱིལ་སྙིང་སྲང་ལམ་བཀག་སྡོམ་བྱས་པ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་སྐོར་ཞིག་གིས་གནམ་གྲུ་ཐང་དུ་འགྲོ་སའི་གཞུང་ལམ་བཀག་པས། ཨེ་ལི་ཝུན་གྱི་འགྲིམ་འགྲུལ་རྙོག་འཛིང་གི་གནས་སུ་ལྷུང་།

ཕཱ་ཞེ་ནེ་དབྱང་འདུ་ཚོགས་ལ་ཞུགས་སྐབས་ཁོའི་རྒྱབ་སྐྱོར་མཁན་དག་གིས་རྒྱལ་ཡོངས་ལ་ཁྱབ་པའི་ལས་བྱོལ་བྱ་འགུལ་ཞིག་སྤེལ་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སྐར་མ་རེ་རེའི་ནང་དུ་གནས་ཚུལ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་པས་རྒྱབ་སྐྱོར་མཁན་དག་གིས་དུས་ལྟར་ཁོས་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་ཡིད་འཇོག་བྱེད་དགོས་པ་ནན་བཤད་བྱས།

བསྒྲགས་པ་ལྟར་ན། ངོ་རྒོལ་བྱ་འགུལ་དེ་ཉིན་དེར་ཨེ་མེ་ནི་ཡཱའི་རྒྱལ་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། ཕཱ་ཞེ་ནེ་དབྱང་གི་རྒྱབ་སྐྱོར་མཁན་དག་གིས་རྒྱལ་ཡོངས་ཀྱི་གཞུང་ལམ་དང་ཟམ་པ། སྲང་ལམ་སོགས་བཀག་སྡོམ་བྱས་ཡོད་ཟེར།

ཉིན་དེའི་ངོ་རྒོལ་བྱ་འགུལ་དེ་ཀུན་གྱིས་ཤེས་གསལ་ལྟར་ཡིན་ལ། ཚེས་གཅིག་ཉིན་གྱི་དགོང་མོར་ཕཱ་ཞེ་ནེ་དབྱང་གིས་ཐེངས་འདིའི་བྱ་འགུལ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཟླ་ལྔ་བའི་ཚེས་གཅིག་ཉིན། ཨེ་མེ་ནི་ཡཱའི་རྒྱལ་དམངས་གྲོས་ཁང་གིས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ་འདེམ་ཤོག་འཕངས་ནས་ཙུང་ལི་གསར་བ་བདམས། ཕཱ་ཞེ་ནེ་དབྱང་ནི་ཉིན་དེའི་འདེམ་སྒུག་མི་སྣ་གཅིག་པུ་ཡིན་ཡང་། ཁྲིམས་མཐུན་གྱིས་གཏན་འཁེལ་བྱས་པའི་འདེམ་ཤོག་ཁ་གྲངས་མ་ཐོབ་པས་བདམས་ཐོན་འབྱུང་མ་ཐུབ་པ་རེད།

གཏན་འཁེལ་ལྟར། ཨེ་མེ་ནི་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཟླ་ལྔ་བའི་ཚེས་བརྒྱད་ཉིན་ཐེངས་གཉིས་པར་འདེམ་ཤོག་འཕེན་རྒྱུ་ཡིན་པ་རེད། ཐེངས་གཉིས་པར་འདེམ་ཤོག་མ་འཕངས་གོང་ཙུང་ལིའི་འདེམ་སྒུག་མི་སྣར་ངེས་པར་དུ་སུམ་ཆའི་གཅིག་ཡན་གྱི་གྲོས་མིས་མིང་འདོན་བྱས་ན་ད་གཟོད་ནུས་ལྡན་དུ་འགྱུར་སྲིད། བསྒྲགས་པ་ལྟར་ན། ཕཱ་ཞེ་ནེ་དབྱང་གིས་ཚེས་གཉིས་ཉིན་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་མང་ཚོགས་ལ་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། གནད་དོན་དེའི་ཐད་ནས་ངོ་ཕྱོགས་ཁག་གཞན་པའི་མགོ་ཁྲིད་པར་འབྲེལ་འདྲིས་བྱས་ཏེ་ཁོ་ཚོའི་རྒྱབ་སྐྱོར་ཐོབ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།