ཀྲུང་གོ་བོད་ཀྱི་དྲ་བ།

ཅ་ཧྲ་ས་ཁུལ་ནས་ཡང་བསྐྱར་འཁྲུག་རྩོད་བྱུང་ནས་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཕ་ལེ་སི་ཐན་གྱི་རྔམ་སྟོན་པ་དང་དབྱི་སི་རལ་གྱི་དམག་མིའི་བར་དུ་ཚེས་ཉེར་བདུན་ཉིན་ཅ་ཧྲ་ས་ཁུལ་ནས་ཡང་བསྐྱར་འཁྲུག་རྩོད་བྱུང་། ཕ་ལེ་སི་ཐན་ཕྱོགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ཕ་ལེ་སི་ཐན་པ་གསུམ་འཁྲུག་རྩོད་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་བརྒྱ་ཙམ་ལ་རྨས་ཕོག་ཟེར།

ཚེས་ཉེར་བདུན་ཉིན། ཕ་ལེ་སི་ཐན་པ་སྟོང་ཕྲག་འགས་ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་ནས་མུ་མཐུད་དུ་ཕྱིར་ལྡོག་ཁྲོམ་སྐོར་ཆེན་མོ་ཞེས་པའི་རྔམ་སྟོན་བྱ་འགུལ་སྤེལ། རྔམ་སྟོན་པས་ཕ་ལེ་སི་ཐན་གྱི་རྒྱལ་དར་གཡུགས་པ་དང་ཁ་གཡང་བསྒྲགས་པ། རླངས་འཁོར་གྱི་རྐྱལ་བ་བསྲེགས་པ། མཐའ་མཚམས་སྲུང་ཡོད་པའི་དབྱི་སི་རལ་གྱི་དམག་མིའི་ཕྱོགས་སུ་རྡོ་བས་རྒྱག་པ་སོགས་བྱས། དབྱི་སི་རལ་གྱི་དམག་མིས་རྔམ་སྟོན་མི་ཚོགས་ཀྱི་ཁྲོད་དུ་དུ་འཕྱུར་འབར་མདེལ་གཡུགས་པ་མ་ཟད་མེ་མདས་བརྒྱབ་སྟེ་རྒོལ་ལན་སྤྲད།

ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་ཅ་ཧྲ་ས་ཁུལ་གྱི་མགྲིན་ཚབ་པ་ཁ་ཏི་ལཱ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕ་ལེ་སི་ཐན་གྱི་ན་གཞོན་གསུམ་ཚེས་ཉེར་བདུན་ཉིན་གྱི་འཁྲུག་རྩོད་ཁྲོད་ནས་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད་པ་དང་། མི་བརྒྱད་བརྒྱ་དང་གྱ་གསུམ་ལ་རྨས་ཕོག་པ་མ་ཟད། རྨས་མ་བརྒྱད་ཀྱི་རྨས་ཧ་ཅང་ལྗིད། ཉིན་དེའི་རྨས་མའི་ཁྲོད་ན་ནར་མ་སོན་པའི་མི་ང་བརྒྱད་དང་མྱུར་སྐྱོབ་མི་སྣ་བརྒྱད། གསར་འགོད་པ་གསུམ་བཅས་ཡོད། 
ཁ་ཏི་ལཱ་ཡིས་བཤད་རྒྱུར། ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ནས་ད་བར་དུ། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་བར་དུ་ཅ་ཧྲ་ས་ཁུལ་ནས་འཁྲུག་རྩོད་བྱུང་སྟེ། ཕ་ལེ་སི་ཐན་པ་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་ཙམ་ལ་རྨས་ཕོག

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཕ་ལེ་སི་ཐན་པ་རྣམས་ཀྱིས་ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་ནས་ཕྱིར་ལྡོག་ཁྲོམ་སྐོར་ཆེན་མོ་ཞེས་པའི་རྔམ་སྟོན་བྱ་འགུལ་སྤེལ། ཟླ་གཅིག་ཙམ་གྱི་རིང་ལ། ཕ་ལེ་སི་ཐན་པ་དང་དབྱི་སི་རལ་གྱི་དམག་མིའི་བར་དུ་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་རྒྱུན་མ་ཆད་པར་བྱུང་ནས། ཕ་ལེ་སི་ཐན་ཕྱོགས་ཀྱི་མི་སྣར་ཤི་རྨས་བཟོས། རྒྱུས་ལོན་བྱུང་བ་ལྟར་ན་ཕྱིར་ལྡོག་ཁྲོམ་སྐོར་ཆེན་མོ་ཞེས་པ་དེ་གཟའ་འཁོར་འགའི་རིང་ལ་སྤེལ་རྒྱུ་ཡིན་པ་དང་། ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་ཏེ་ཕ་ལེ་སི་ཐན་གྱི་ཆག་སྒོའི་ཉིན་མོའི་ལོ་བདུན་ཅུའི་དྲན་གསོའི་ཉིན་མོར་མཐོ་རླབས་འཕྱུར་བར་བྱེད་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།