ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་རྒྱལ་སྲུང་དཔོན་པོས་གལ་ཏེ་དབྱི་ལིང་གི་འཇབ་རྒོལ་ཐེབས་ན་ཕྱིར་རྒོལ་ལན་སྤྲོད་ངེས་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དཔོན་པོ་ལེ་པོ་མན་གྱིས་ཚེས་ཉེར་དྲུག་ཉིན་ཉེན་བརྡ་བཏང་ནས། གལ་ཏེ་དབྱི་ལིང་གིས་ཐི་ལཱ་ཝེ་ཧྥུའུ་ལ་འཇབ་རྒོལ་བྱས་ན། དབྱི་སི་རལ་གྱིས་འཛེམ་དོགས་ཅི་ཡང་མེད་པར་ཏི་ཧེ་ལན་ལ་རྒོལ་རྡུང་བྱེད་རྒྱུ་ཡིན་པ་མ་ཟད། དབྱི་སི་རལ་ལ་འཇིགས་སྣང་བཟོ་བའི་དབྱི་ལིང་གི་སི་རི་ཡའི་དམག་དོན་སྒྲིག་ཆས་ཡོངས་རྫོགས་རྩ་གཏོར་བྱེད་རྒྱུ་ཡིན་ཟེར།

ལེ་པོ་མན་གྱིས་ཉིན་དེར་སྤྱིའི་ལས་ཁུངས་དབྱིན་ཇིའི་ལོན་ཏོན་ན་ཡོད་པའི་སོ་ཏི་ཨ་རབ་ཀྱི་གསར་འགྱུར་དྲ་ཚིགས་ཨེ་ལཱ་ཧྥུའུ་ཞེས་པ་དེའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་མི་སུ་ལ་ཡང་དམག་འཁྲུག་རྒྱག་མི་འདོད་མོད། ཡིན་ནའང་དབྱི་ལིང་གིས་སི་རི་ཡ་རུ་དམག་དོན་སྟོབས་ཤུགས་བཀོད་སྒྲིག་བྱེད་པ་དེར་དབྱི་སི་རལ་གྱིས་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཟེར། ལེ་པོ་མན་གྱིས་ད་དུང་བཤད་རྒྱུར། དབྱི་སི་རལ་དང་ཨ་རབ་རྒྱལ་ཁབ་ཁ་ཤས་ཀྱིས་གཏིང་ཟབ་ཅིང་ཡང་དག་པའི་ཕྱོགས་སུ་སྙེག་པའི་གྲོས་མོལ་སྤེལ་བཞིན་པའི་སྒང་ཡིན་ཟེར།

དབྱི་སི་རལ་གྱི་སྨྱན་ལམ་ཁག་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། ལེ་པོ་མན་གྱིས་ཐེངས་འདིར་ཨ་རབ་སྐད་ཀྱི་གསར་འགྱུར་དྲ་ཚིགས་དེའི་བཅར་འདྲི་དང་ལེན་བྱས་པ་ནི་ཧ་ཅང་མཐོང་དཀོན་པའི་གནས་ཚུལ་ཞིག་ཡིན་ལ། མིག་སྔར་ལེ་པོ་མན་གྱིས་ཨ་མེ་རི་ཁ་རུ་ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་པོ་མཱ་ཏེ་སི་སོགས་དཔོན་རིགས་ལ་གྲོས་མོལ་བྱེད་བཞིན་ཡོད་ཟེར།

ཚེས་ཉེར་བཞི་ཉིན། ལེ་པོ་མན་གྱིས་དབྱི་སི་རལ་གྱི་སྨྱན་ལམ་ཁག་གི་བཅར་འདྲི་དང་ལེན་བྱེད་སྐབས། ང་ཚོས་སི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་སྲིད་མོད། ཡིན་ནའང་ང་ཚོས་དབྱི་ལིང་གིས་སི་རི་ཡར་དབྱི་སི་རལ་ལ་དམིགས་པའི་སྔོན་ཐོན་མཚོན་ཆའི་མ་ལག་གཏན་ནས་སྐྱེལ་དུ་མི་འཇུག་ཅེས་བཤད་མྱོང་།

ཉེ་ལམ་དབྱི་ལིང་དང་དབྱི་སི་རལ་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཐེངས་མང་པོར་དབྱི་སི་རལ་གྱིས་དབྱི་ལིང་གིས་སི་རི་ཡ་རུ་དམག་དོན་སྟོབས་ཤུགས་བཀོད་སྒྲིག་བྱེད་འདོད་པ་དེར་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཅེས་ཡང་དང་བསྐྱར་དུ་བསྒྲགས་མྱོང་། ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་གི་འགུལ་སྐྱོད་གང་རུང་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་བྱས་ཡོད་པ་དང་། དབྱི་སི་རལ་གྱི་མི་དམངས་ལ་གནོད་སྐྱེལ་བའི་ལྐོག་གཡོ་གང་ཡིན་རུང་ཕམ་ཁ་ཉོ་སྲིད་ཟེར།

ཟླ་བཞི་པའི་ཚེས་དགུ་ཉིན། དབྱི་ལིང་གི་དམག་དོན་མི་སྣ་བཞི་ལ་སི་རི་ཡའི་མཁའ་དམག་རྟེན་གཞི་ཞིག་ནས་བར་སྣང་འཇབ་རྒོལ་དོན་རྐྱེན་ཁྲོད་དུ་རྐྱེན་ལམ་དུ་ཤོར། སི་རི་ཡ་དང་དབྱི་ལིང་། ཨུ་རུ་སི་བཅས་ཀྱིས་དེ་ནི་དབྱི་སི་རལ་གྱིས་འཕུར་མདས་འཇབ་རྒོལ་བྱས་པ་རེད་ཅེས་བཤད་མོད། དབྱི་སི་རལ་གྱིས་དེ་ཁས་མ་བླངས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།