ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་གྲོལ་བ་དང་ཕྱོགས་སོ་སོས་མི་ཆོས་རོགས་སྐྱོར་ཐད་ཨ་སྒོར་དུང་ཕྱུར་ཞེ་བཞིའི་མ་དངུལ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་སི་རི་ཡའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཚེས་ཉེར་ལྔ་ཉིན་པུའུ་ལུའུ་སེར་ནས་གྲོལ། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོ་ཉིས་སྟོང་བཅོ་བརྒྱད་ལོར་ཨ་སྒོར་དུང་ཕྱུར་ཞེ་བཞིའི་མ་དངུལ་བཏང་ནས། སི་རི་ཡའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་བཀོལ་རྒྱུར་འཐད་པ་བྱུང་།

ཚོགས་འདུའི་རྗེས་སུ་སྤེལ་བའི་མཉམ་འབྲེལ་ཀྲུའུ་ཞིའི་གསལ་བསྒྲགས་ལྟར་ན། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་ཨ་སྒོར་དུང་ཕྱུར་སོ་བཞི་བཏང་ནས་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་སི་རི་ཡའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་བཀོལ་རྒྱུའི་དམ་བཅས་ཟེར།

སི་རི་ཡ་དང་ས་ཁུལ་གྱི་མ་འོངས་པར་རྒྱབ་སྐྱོར་བྱེད་པ་ཞེས་པ་བརྗོད་གཞི་ཡིན་པའི་པུའུ་ལུའུ་སེར་གྱི་གྲོས་ཚོགས་ཐེངས་གཉིས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། དམིགས་ཡུལ་ནི་སི་རི་ཡའི་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་ལ་ཁ་གཏད་འཇལ་བར་མ་དངུལ་བསྡུ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པའི་སི་རི་ཡའི་ཆབ་སྲིད་འཕེལ་རིམ་ལ་རྒྱབ་སྐྱོར་བརྩོན་ལེན་བྱེད་རྒྱུ་དེ་རེད། རྒྱལ་ཁབ་ལྔ་བཅུ་ང་བདུན་དང་ས་ཁུལ་རང་བཞིན་གྱི་རྩ་འཛུགས་བཅུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བཅུ་དགུ། སྲིད་གཞུང་མིན་པའི་རྩ་འཛུགས་ཉིས་བརྒྱ་དང་ལྔ་བཅུ་བཅས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས།

ཚོགས་འདུར་ཞུགས་པའི་ཀྲུང་གོའི་སི་རི་ཡའི་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཞེ་ཞའོ་ཡན་གྱིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཁང་ནས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོས་ཐེངས་འདིའི་གྲོས་ཚོགས་སྟེང་མ་དངུལ་གཏོང་བའི་དམ་བཅའ་གསར་པ་མ་བཞག་མོད། ཡིན་ནའང་སི་རི་ཡའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་དཔུང་སྡེའི་ཁྲོད་དུ་ཀྲུང་གོ་ནམ་ཡང་ཆད་མ་མྱོང་ཟེར།

ཞེ་ཞའོ་ཡན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། སི་རི་ཡའི་ཉེན་ཚབས་བྱུང་བའི་ཚུན་ལ། ཀྲུང་གོས་ཐབས་ལམ་མང་པོ་བརྒྱུད་དེ་ཐེངས་མང་པོར་སི་རི་ཡའི་མང་ཚོགས་ལ་ཡུལ་གྱར་པར་མྱུར་མཁོའི་མི་ཆོས་རིང་ལུགས་ཀྱི་དངོས་རྫས་དང་ལག་དངུལ་གྱིས་རོགས་སྐྱོར་བྱས་པ་མི་དམངས་ཤོག་སྒོར་དུང་ཕྱུར་བདུན་དང་བྱེ་བ་བཞི་ལས་བརྒལ་ཡོད་ཟེར། ཁོས་ཀྲུང་གོས་མུ་མཐུད་དུ་སི་རི་ཡའི་མང་ཚོགས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་རྒྱུ་ཡིན་ཞེས་བཤད།

ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོགས་འདུའི་སྔོན་ལ་ཉིས་སྟོང་བཅོ་བརྒྱད་ལོའི་མ་དངུལ་བསྡུ་ཚད་ཉུང་མཐར་ཡང་ཉིས་སྟོང་བཅུ་བདུན་ལོ་དང་མཉམ་པའི་རེ་སྒུག་བྱས་ཡོད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཞི་པར་བསྡུས་པའི་སི་རི་ཡ་དང་ས་ཁུལ་གྱི་མ་འོངས་པར་རྒྱབ་སྐྱོར་བྱེད་པ་ཞེས་པའི་པུའུ་ལུའུ་སེར་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་ཉིས་སྟོང་བཅུ་བདུན་ལོར་ཨ་སྒོར་དུང་ཕྱུར་རེ་བརྒྱད་ཀྱི་མ་དངུལ་བཏང་ནས་སི་རི་ཡའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་བཀོལ་རྒྱུའི་དམ་བཅས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལྟར་ན། ཉིས་སྟོང་བཅུ་གཅིག་ལོར་བྱུང་བའི་སི་རི་ཡའི་དམག་འཁྲུག་ཁྲོད་ནས་མིག་སྔའི་བར་དུ་མི་འབུམ་གསུམ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།