ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་དབྱི་ལིང་གི་ཉིང་རྡུལ་གྲོས་ཆོད་ལ་སྲུང་སྐྱོབ་དང་ཤུགས་སྣོན་ཐོབ་འོས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏེ་ཡ་ལེ་ཁི་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་དབྱི་ལིང་གི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་དེ་ཧ་ཅང་གལ་ཆེ་བས། དེར་སྲུང་སྐྱོབ་དང་ཤུགས་སྣོན་ཐོབ་འོས་པར་འདོད་ཡོད་ཟེར།

ཏེ་ཡ་ལེ་ཁི་ཡིས་བཤད་རྒྱུར། ང་ཚོས་ངེས་པར་དུ་གྲུབ་འབྲས་གལ་ཆེན་དེའི་རྨང་གཞིའི་སྟེང་། ཉིང་རྡུལ་མཚོན་ཆ་ཁྱབ་གདལ་དུ་མི་གཏོང་བའི་རྐྱེན་སྲོལ་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། དེ་ནི་ང་ཚོའི་གོ་ལ་ཧྲིལ་པོ་བདེ་འཇགས་ཡོང་བའི་གཞི་མ་ཡིན་ཟེར།

ཨ་མེ་རི་ཁར་འཚམས་འདྲི་བྱེད་བཞིན་པའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་བཞི་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་བར་དུ་དབྱི་ལིང་གི་ཉིང་རྡུལ་གྲོས་ཆོད་ཀྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་གནད་དོན་ཐད་ནས་གྲོས་ཆོད་གསར་པ་ཞིག་གཏན་འབེབས་བྱེད་རྒྱུའི་རེ་བ་བཅངས་ཡོད། མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་གྲོས་ཆོད་གསར་པའི་ཐད་ནས་དབྱི་ལིང་དང་མཉམ་ལས་བྱེད་འདོད་ཡོད་མོད། ཡིན་ནའང་དེའི་དམིགས་ཡུལ་ནི་གྲོས་ཆོད་ཅིག་མེད་པར་བཏང་ནས། ང་ཚོའི་སེམས་ཁུར་ཡོངས་རྫོགས་མཚོན་པའི་བྱ་དངོས་གསར་པ་ཞིག་བཟོ་རྒྱུའི་ཆེད་དུ་མིན་ཟེར།

དབྱི་ལིང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཚེས་ཉེར་ལྔ་ཉིན་གཏམ་བཤད་སྤེལ་ནས། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལ་རྒྱབ་འགལ་བྱེད་འདོད་པ་དང་དབུས་ཤར་གྱི་དོན་དག་ལ་ཐེ་གཏོགས་བྱེད་འདོད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ད་ལོའི་ཟླ་དང་པོར་དབྱི་ལིང་གི་ཉིང་རྡུལ་གནད་དོན་གྱི་བཀག་སྡོམ་མེད་པར་གཏོང་ཡུན་དེ་ཆེས་མཇུག་མཐར་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་བར་དུ་རྗེས་ལ་བསྣུར་བ་ཡིན་ཞེས་བསྒྲགས་པ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་གྲོས་ཆོད་ལ་བཟོ་བཅོས་བྱས་ཏེ། དབྱི་ལིང་གིས་འཕུར་ལམ་འཕུར་མདའ་འཕེལ་རྒྱས་སུ་གཏོང་བར་ཚོད་འཛིན་བྱེད་པ་སོགས་ཀྱི་ནང་དོན་ཁ་སྣོན་བྱེད་རྒྱུའི་རེ་བ་བཏོན། ཁོས་ད་དུང་གལ་ཏེ་སྐབས་དེར་ཁོ་ཡིད་ཚིམས་པའི་བཟོ་བཅོས་ཀྱི་ཇུས་གཞི་ཞིག་མ་བཏོན་ན། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་གྲོས་ཆོད་ལས་ཕྱིར་འབུད་རྒྱུ་ཡིན་ཞེས་བཤད།

དབྱི་ལིང་དང་དབྱི་ལིང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་ཉིས་སྟོང་བཅོ་ལྔ་ལོར་དབྱི་ལིང་ཉིང་རྡུལ་གནད་དོན་གྱི་གྲོས་ཆོད་བཀོད་ལ། དབྱི་ལིང་རང་གི་ཉིང་རྡུལ་འཆར་གཞི་ལ་ཚོད་འཛིན་བྱེད་པ་དང་། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་ཞིབ་བཤེར་དང་ལེན་བྱེད་པ་སོགས་ཀྱི་ཆ་རྐྱེན་ལ་འཐད་པ་བྱུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དབྱི་ལིང་ལ་ཉིང་རྡུལ་གནད་དོན་ཐད་ནས་བཀག་སྡོམ་བྱེད་ཐབས་སྤྱོད་མཚམས་འཇོག་པར་འཐད་པ་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།