ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོས་ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས་ཐད་བྱས་རྗེས་བཟང་པོ་བཞག་པར་གཟེངས་བསྟོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་དུ་སྡོད་པའི་རོགས་སྐྱོབ་ཚོགས་པའི་འགན་ཁུར་པ་ཧྲན་པིན་ཀྲུང་ཐུང་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཀྲུང་གོས་ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས་ཐད་བྱས་རྗེས་བཟང་པོ་བཞག་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོར་ཨ་ཧྥུའུ་ཧན་དུ་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།

ཀྲུང་གོའི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཁང་གིས་ཉིན་དེར་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས། ཨ་ཧྥུའུ་ཧན་བཅས་ཀྱིས་མིའི་རིགས་ཀྱི་ལས་དབང་ཕུང་བོ་གཅིག་དྲིལ་ཚོགས་པ་མཉམ་འཛུགས་བྱེད་པ་ཞེས་པ་བརྗོད་གཞི་ཡིན་པའི་སྣེ་ལེན་ཚོགས་འདུ་བསྡུས། ཧྲན་པིན་ཀྲུང་ཐུང་གིས་བྱ་འགུལ་དེའི་སྟེང་བཤད་རྒྱུར། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཀྲུང་གོ་དང་ཕ་ཁི་སི་ཐན་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པའི་གྲོས་མགོ་བཏོན་པ་དེ། ས་ཁུལ་དེའི་རྒྱལ་ཁབ་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་ཐུན་མོང་གི་འདོད་བློ་དང་མཐུན་ལ། དེས་ཨ་ཧྥུའུ་ཧན་དང་ས་ཁུལ་དེའི་དཔལ་འབྱོར་ཉོ་འཚོང་འགྲོ་འོང་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གོ་སྐབས་གལ་ཆེན་བསྐྲུན་ཡོད་ཟེར། 
ཁོས་ད་དུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོར་ཨ་ཧྥུའུ་ཧན་དུ་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ལ། དེའི་ནང་དོན་ལ་མི་ཆོས་རོགས་སྐྱོབ་དང་མི་ཤུགས་ཐོན་ཁུངས་གསར་སྤེལ། སྲིད་གཞུང་ནུས་པའི་འཛུགས་སྐྲུན། དུག་འགོག འཇིགས་སྐུལ་ངོ་རྒོལ། གནོད་འཚེའི་དོ་དམ་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོས་མཉམ་དུ་འབད་བརྩོན་བྱས་ཏེ། ཨ་ཧྥུའུ་ཧན་དང་ས་ཁུལ་དེའི་གཏན་འཇགས་དར་རྒྱས་ཆེད་དུ་མ་འོངས་པར་བྱས་རྗེས་སྔར་ལས་ཆེན་པོ་བཞག་ཆོག་ཟེར།

ཀྲུང་གོའི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ལིའུ་ཅིན་སུང་གིས་བསྟན་དོན། ཀྲུང་གོ་ནི་དུས་ནམ་ཡང་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་འཕེལ་རྒྱས་ཐད་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོབ་པ་བཅས་ཡིན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཅིག་ཡིན་ལ། ཨ་ཧྥུའུ་ཧན་གྱི་གནད་དོན་བྱུང་བ་ནས་བཟུང་། ཀྲུང་གོ་རྒྱལ་སྤྱིའི་དྲང་བདེན་གྱི་ཕྱོགས་སུ་ལངས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་མིས་གཙོ་ཁྲིད་བྱེད་པ་དང་། ཨ་ཧྥུའུ་ཧན་གྱི་མི་ལ་དབང་བའི་ཞི་བའི་འགྲིག་མཐུན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་ལྷོད་མེད་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་ཨ་ཧྥུའུ་ཧན་ནས་ཕན་འབྲས་ཕུན་སུམ་ཚོགས་པའི་མཉམ་ལས་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།