ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་གློག་འདོན་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཏེ་རྒྱལ་སའི་ས་ཁུལ་མང་བོར་གློག་ཆད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཀི་ལན་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། ཞིང་ཆེན་དེའི་གློག་འདོན་སྒྲིག་ཆས་ཤིག་ལཱ་ཐཱ་ལེ་པན་གྱི་འཇབ་རྒོལ་ཐེབས་ཏེ། རྒྱལ་ས་ཁཱ་པོར་གྱི་ས་ཁུལ་མང་བོར་གློག་ཆད་ཟེར།

པཱ་ཀི་ལན་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞེ་ཅཱ་ཡིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་བྱུང་བ་དང་། འཇབ་རྒོལ་ཐེབས་པའི་གློག་འདོན་སྒྲིག་ཆས་དེ་ཞིང་ཆེན་དེའི་ལྷོ་ནུབ་ཕྱོགས་ཀྱི་ཏུའུ་ཧྲི་ས་ཁུལ་དུ་ཡོད་ཅིང་། ཁཱ་པོར་ལ་གློག་འདོན་བྱེད་པའི་གློག་སྐུད་དང་གློག་སྡོང་སོགས་ལ་འཇབ་རྒོལ་ཁྲོད་གཏོར་བརླག་ཐེབས། 
ཞེ་ཅཱ་ཡིས་བཤད་རྒྱུར། འཇབ་རྒོལ་ཐེབས་རྗེས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་བྱུང་སར་ལག་རྩལ་མི་སྣ་མངག་ནས། གང་མགྱོགས་སྒོས་གཏོར་བརླག་ཐེབས་པའི་སྒྲིག་ཆས་ཞིག་གསོ་བྱེད་དུ་བཅུག་ཟེར།

ཐཱ་ལེ་པན་གྱི་དྲག་ཆས་རྩ་འཛུགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་དེ་ནི་ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཉེ་སྔོན་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་དབང་ཤུགས་ཁྱབ་ཁོངས་ཀྱི་ས་ཁུལ་ཁག་ཅིག་གི་གློག་ཤུགས་མཁོ་འདོན་རྩིས་མེད་དུ་བཏང་བར་རྒོལ་ལན་སྤྲད་པ་རེད་ཟེར།

གཞན་ཡང་བསྒྲགས་པ་ལྟར་ན། འདི་ནི་འདས་པའི་ཟླ་ངོ་གཅིག་གི་ནང་ཐཱ་ལེ་པན་གྱི་དྲག་ཆས་པས་ཐེངས་གཉིས་པར་པཱ་ཀི་ལན་ཞིང་ཆེན་གྱི་གློག་འདོན་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།