ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་རོ་མཱ་ནི་ཡཱ་ཧྲིན་ཀིན་ས་ཁུལ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མཱ་ནི་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཧྥ་རན་སི་ཡིས་རོ་མཱ་ནི་ཡཱ་ཧྲིན་ཀིན་ས་ཁུལ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

རོ་མཱ་ནི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ལེ་ཏི་ལི་ཨང་གིས་ཉིན་དེར་རོ་མཱ་ནི་ཡཱའི་ཙུང་ཐུང་ཡོ་ཧན་ནེ་སི་དང་གྲོས་མོལ་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ནན་གྱིས་བསྟན་དོན། ཧྥ་རན་སི་ཡིས་རོ་མཱ་ནི་ཡཱ་ཧྲིན་ཀིན་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་བཀག་འགོག་བྱེད་མི་སྲིད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཡོ་ཧན་ནེ་སི་ཡིས་གྲོས་མོལ་བྱེད་སྐབས་རོ་མཱ་ནི་ཡཱ་ཧྲིན་ཀིན་ས་ཁུལ་དུ་ཞུགས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཧྥ་རན་སི་ཡིས་དོན་དེར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། ཁོས་རོ་མཱ་ནི་ཡཱ་དང་ཧྥ་རན་སི་ཡིས་ངེས་པར་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞིའི་ཡིག་ཆར་གསར་བསྒྱུར་དང་རིམ་འཕར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པའི་ཐུན་མོང་ཁེ་ཕན་དང་ལངས་ཕྱོགས། འགུལ་སྐྱོད་བཅས་ལ་འབྲེལ་བར་བྱེད་དགོས་པ་ནན་བཤད་བྱས།

རོ་མཱ་ནི་ཡཱ་ཉིས་སྟོང་བདུན་ལོའི་ཟླ་དང་པོར་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བ་དང་། ཧྲིན་ཀིན་ས་ཁུལ་དུ་ཞུགས་པ་ནི་དེའི་རྗེས་ཀྱི་རོ་མཱ་ནི་ཡཱའི་སྐབས་རིམ་པའི་སྲིད་གཞུང་གི་དམིགས་འབེན་གཙོ་བོ་ཡིན་པ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སྐོར་ཞིག་གིས་ངོ་རྒོལ་བྱེད་པའི་དབང་གིས་རོ་མཱ་ནི་ཡཱ་ཧྲིན་ཀིན་ས་ཁུལ་དུ་ཞུགས་པའི་དམིགས་འབེན་དེ་ད་ལྟའི་བར་མངོན་འགྱུར་འབྱུང་མ་ཐུབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།