ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་སི་རི་ཡཱའི་གནད་དོན་ཐད་ནས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཨུ་རུ་སི་ཡིས་སི་རི་ཡཱའི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བ་མཐོང་འདོད་མེད་ཅིང་། འབྲེལ་ཡོད་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་ཚོད་བཟུང་ནས། མཉམ་དུ་སི་རི་ཡཱའི་གནད་དོན་དེ་ཐག་གཅོད་གང་ལེགས་བྱེད་དགོས་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡཱ་ཡིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་གནད་དོན་ཐད་ནས་ཨུ་རུ་སིའི་དམག་དོན་སྨན་པ་དང་རྫས་འགྱུར་མཚོན་ཆའི་སྔོན་འགོག་ཆེད་མཁས་པ་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཏུང་ཀུའུ་ཐཱ་ས་ཁུལ་གྱི་ཏུའུ་མཱ་རུ་སོང་ནས་རྟོག་ཞིབ་བྱེད་བཞིན་ཡོད་ཅིང་། རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་སྣང་ཚུལ་རྙེད་མེད་པ་དང་། རྫས་འགྱུར་མཚོན་ཆའི་འཇབ་རྒོལ་ཐེབས་པའི་རྨས་མའང་རྙེད་མེད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་རྟོག་ཞིབ་བདེན་དཔང་ཁ་ཡ་མི་བྱེད་པ་དང་། ཨ་མེ་རི་ཁས་ད་རུང་སི་རི་ཡཱའི་སྲིད་གཞུང་དང་ཨུ་རུ་སི་ལ་སྐྱོན་འཛུགས་དང་འཇིགས་སྐུལ་བྱེད་བཞིན་ཡོད། བྱ་སྤྱོད་དེ་དག་གིས་དེང་སྐབས་སི་རི་ཡཱའི་གནས་བབ་ཐད་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སི་ཡིས་འབྲེལ་ཡོད་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རང་ཚོད་བཟུང་ནས་འཇིགས་སྐུལ་རང་བཞིན་གྱི་གཏམ་བཤད་དང་བྱ་སྤྱོད་དེ་ལས་འབྱུང་སྲིད་པའི་མཇུག་འབྲས་ལ་བསམ་བློ་ཞིབ་ཏུ་གཏོང་དགོས་ཟེར།

གཞན་ཡང་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱི་གཏམ་བཤད་དེས་མིག་སྔའི་སི་རི་ཡཱའི་གནས་བབ་ཐད་གཏོར་བརླག་རང་བཞིན་གྱི་ནུས་པ་ཐོན་ཡོད་ལ། སི་རི་ཡཱའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བའི་བྱ་སྤྱོད་ཡོད་ཚད་སྔོན་འགོག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།