ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་རེ་འགར་འཇབ་རྒོལ་བྱས་ཏེ། ཉིན་དེར་ཕཱ་ལེ་སི་ཐན་གྱིས་མཐའ་མཚམས་ས་ཁུལ་ནས་འགས་གཏོར་དོན་རྐྱེན་བཟོས་པར་རྒོལ་ལན་སྤྲད།

བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་མི་མང་བོས་ཚེས་བཅུ་གཅིག་ཉིན་ཅཱ་ཧྲ་བྱང་ཕྱོགས་ཀྱི་མཐའ་མཚམས་ཉེ་འདབས་སུ་ཡོད་པའི་དབྱི་སི་རལ་གྱི་ས་འདེད་འཕྲུལ་ཆས་ཤིག་གི་གམ་ནས་འགད་རྫས་འགས་གཏོར་བཏང་། འགས་གཏོར་དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར།

དབྱི་སི་རལ་དམག་དཔུང་གིས་བཤད་རྒྱུར། ཐེངས་འདིའི་འགས་གཏོར་དོན་རྐྱེན་ལ་རྒོལ་ལན་སྤྲོད་ཆེད། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་རྟེན་གཞི་རེ་འགར་འཇབ་རྒོལ་བྱས་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་བསྟན་དོན། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་ནས་བྱུང་བའི་དོན་ཡོད་ཚད་ལ་འགན་ཁུར་དགོས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མཐའ་མཚམས་ས་ཁུལ་དེ་གཡུལ་སར་འགྱུར་དུ་འཇུག་འདོད་མེད་ཟེར།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་གནས་བབ་ཉེ་སྔོན་ཛ་དྲག་ཏུ་གྱུར། དབྱི་སི་རལ་གྱི་དམག་མི་དང་ཕཱ་ལེ་སི་ཐན་གྱི་མིས་དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་མཚམས་སུ་མུ་མཐུད་དུ་འཁྲུག་རྩོད་བྱེད་བཞིན་ཡོད། ཟླ་འདིའི་ཚེས་དྲུག་ཉིན། ཕྱོགས་གཉིས་ཀྱི་འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་གྱི་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་སུམ་བརྒྱ་ལྷག་ལ་རྨས་ཕོག་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།