ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་ཀྲུང་གོ་དང་མཉམ་དུ་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ལིན་ཡུས་ཧོས་ཀྱིས་ཚེས་དགུའི་ཉིན་ཡཱ་ཅཱ་ཏཱ་ནས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅོ་ལྔ་འགོར་བར་རྗེས་དྲན་བྱེད་པའི་དཔྱད་གླེང་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པ་དང་། སྔར་ལས་ཟབ་པའི་དཔལ་འབྱོར་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། ས་ཁུལ་རང་གི་དར་རྒྱས་ལ་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཧོང་ཞེ་ལེན་གྱིས་ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་གལ་ཆེན་སྤེལ། ཁོས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་དེ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མཉམ་ལས་ཁྲོད་ཆེས་བཟང་ཞིང་གསོན་ཤུགས་ལྡན་པའི་དཔེ་སྟོན་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། ཕྱོགས་གཉི་ག་རིམ་བཞིན་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ས་ཁུལ་གྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ། དཔལ་འབྱོར་འཛམ་གླིང་ཅན་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གཙོ་བོར་འགྱུར་བཞིན་ཡོད་ཟེར།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སིང་ག་ཕོར་གྱི་འཐུས་མི་ཁྲིན་ཧན་ཁྲིན་གྱིས་ཚོགས་ཐོག་ནས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་མཉམ་དུ་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པ་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཕན་ཚུན་འབྲེལ་མཐུད་བྱས་ཤིང་། ཕན་ཚུན་གྱི་འཕེལ་རྒྱས་འཆར་འགོད་གཅིག་ལ་གཅིག་བརྟེན་བྱེད་པ་དང་ས་ཁོངས་གྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་འགོད་པར་ཡར་སྐུལ་གཏོང་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་སྣེ་མང་ཉོ་ཚོང་མ་ལག་དང་ཉོ་ཚོང་རང་དབང་ཅན་ལ་རྒྱབ་སྐྱོར་བྱེད་པར་བརྡ་གསལ་བོ་བཏང་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དོན་དཔོན་པོ་ཨན་ཏུང་ནེ་ཨོ་ཡིས་ཚོགས་ཐོག་ནས་བསྟན་དོན། དཔལ་འབྱོར་གཞི་གཅིག་ཅན་ནི་རྒྱལ་ཁབ་སོ་སོའི་མཉམ་ལས་ཀྱི་རྐྱེན་གཙོ་བོ་ཡིན་པ་དང་། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞི་བཟང་བོ་ཡིན་པས་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་འཛུགས་སྐྲུན་དང་བཟོད་སྒོམ། མངོན་གསལ། ཡོངས་བསྒྲགས་བཅས་ཀྱི་ཐབས་ལ་བརྟེན་པ་དང་། སྒྲིག་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་རྒྱལ་ཁབ་སོ་སོར་ཀུན་ཕན་གྱི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅོ་ལྔ་འགོར་བར་རྗེས་དྲན་བྱེད་པའི་དཔྱད་གླེང་ཚོགས་འདུ་དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་ཀྲུང་གོའི་ཕྱི་འབྲེལ་སློབ་གླིང་། ཧིན་རྡུ་ཉི་ཞི་ཡཱའི་སློབ་ཆེན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ཞིང་། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གྲོགས་པོའི་རྒྱལ་ཁབ་བཅས་ཀྱི་མཐོ་རིམ་ཕྱི་འབྲེལ་དཔོན་པོ་དང་ཆེད་མཁས་པ། སྨྱན་བྱད་ཀྱི་འཐུས་མི་སོགས་མི་བརྒྱ་དང་ལྔ་བཅུ་ཐེངས་འདིའི་དཔྱད་གླེང་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།