ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་ཡིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ལག་རྡང་མཉམ་དུ་སྦྲེལ་ནས་འཇིགས་སྐུལ་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མེད་སཱ་ཧི་ལེ་ཡིས་ཚེས་དགུའི་ཉིན་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཐུན་མོང་གི་འཐབ་ཇུས་གཏན་འབེབས་བྱས་ཤིང་ལག་རྡང་མཉམ་དུ་སྦྲེལ་ནས་འཇིགས་སྐུལ་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་མེད་སཱ་ཧི་ལེ་ཡིས་ཨར་ཅི་རི་ཡཱའི་རྒྱལ་ས་ཨར་ཅིར་ནས་བསྡུས་པའི་འཇིགས་སྐུལ་རིང་ལུགས་ལ་མ་དངུལ་གྱིས་རོགས་སྐྱོར་བྱེད་པར་ཆམ་ཕབ་གཏོང་བའི་མཐོ་རིམ་གྲོས་ཚོགས་སྟེང་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ཨ་ཧྥེ་རི་ཁ་གླིང་ནས་མུ་མཐུད་རྒྱ་ཡན་དུ་འགྲོ་བཞིན་ཡོད་པས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཐུན་མོང་གི་འཐབ་ཇུས་ཤིག་གཏན་འབེབས་བྱས་ཏེ་འཇིགས་སྐུལ་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་དགོས་ཟེར།

མེད་སཱ་ཧི་ལེ་ཡིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་འཇིགས་སྐུལ་རྩ་འཛུགས་མ་དངུལ་འབོར་ཆེན་འཇིགས་སྐུལ་བྱ་འགུལ་ཐད་བཀོལ་བའི་བྱེད་ཐབས་སྣ་ཚོགས་ཡོད། དེའི་ནང་གཙོ་བོ་དུག་རྫས་དང་མཚོན་ཆའི་ལྐོག་འཚོང་དང་། ལྐོག་འབྲོས་ལ་རྩ་འཛུགས་བྱེད་པ། མི་གཏའ་བཙན་ཁྲིད་བྱས་ཏེ་བསླུ་ཡོན་ལེན་པ། དཔང་ཡིག་རྫུན་མ་བཟོ་བ། དེ་མིན་ནག་དངུལ་དཀར་བསྒྱུར་བྱེད་པ་སོགས་འདུས།

ཁོས་ནན་གྱིས་བསྟན་དོན། འཇིགས་སྐུལ་རྩ་འཛུགས་དེ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་རེ་འགར་འགྲོ་འདུག་ཇེ་རྒོད་དུ་སོང་བ་དང་། འཇིགས་སྐུལ་བྱ་འགུལ་དང་རྩ་འཛུགས་ཡོད་པའི་ནག་ཉེས་བྱ་འགུལ་སྐོར་ཞིག་གི་འབྲེལ་བ་དམ་ཟབ་ཏུ་གྱུར། བསྡོམས་རྩིས་བྱས་པ་ལྟར་ན། ཨ་ཧྥེ་རི་ཁ་ནུབ་མའི་རྩ་འཛུགས་ཡོད་པའི་ནག་ཉེས་བྱ་འགུལ་དང་འབྲེལ་བའི་མ་དངུལ་འབོར་གྲངས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་བཅོ་ལྔའི་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་ཟིན་ཡོད་པ་རེད།

མེད་སཱ་ཧི་ལེ་ཡིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་བརྡ་འཕྲིན་དང་གསང་འཕྲིན་གྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་པའི་གྲོས་གཞི་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་ཧྥེ་རི་གླིང་གི་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འཇིགས་སྐུལ་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ཡོ་རོབ་གླིང་མནའ་འབྲེལ། དེ་མིན་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།