ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་བྱང་ཕྱོགས་ས་ཁུལ་ནས་སློབ་གྲྭའི་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་བྱིས་པ་ཉི་ཤུ་ཙམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

这是4月9日在印度北部喜马偕尔邦山区拍摄的校车坠谷事故现场。.jpg

འདི་ནི་ཟླ་བཞི་བའི་ཚེས་དགུའི་ཉིན་རྒྱ་གར་བྱང་ཕྱོགས་ཀྱི་ཧི་མཱ་ཅེ་ཨར་པང་གི་རི་ཁུལ་གྱི་སློབ་གྲྭའི་རླངས་འཁོར་གྲོག་རོང་དུ་ལྷུང་སའི་ཡུལ་དངོས་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་བྱང་ཕྱོགས་ཀྱི་ཧི་མཱ་ཅེ་ཨར་པང་གི་རི་ཁུལ་ནས་ཚེས་དགུ་ཉིན་གྱི་དགོང་མོར་སློབ་གྲྭའི་རླངས་འཁོར་གྲོག་རོང་དུ་ལྷུང་བའི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། བྱིས་པ་ཉི་ཤུ་ཙམ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བྱིས་པ་ཉི་ཤུ་ལ་རྨས་ཕོག་ཡོད།

ས་དེའི་དཔོན་པོ་ཁུའུ་མཱ་ཨར་གྱིས་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་དེ་ནོའུ་ཨར་པུའུ་ཨར་གྲོང་ཁྱེར་གྱི་ཀང་ཀི་ལཱ་ས་ཁུལ་ནས་བྱུང་བ་དང་། བྱིས་པ་བཞི་བཅུ་ཙམ་དྲུད་པའི་སློབ་གྲྭའི་རླངས་འཁོར་ཞིག་དཀྱོགས་མཚམས་ཤིག་བརྒྱུད་སྐབས་གཏིང་ཚད་ལ་རྨིད་བརྒྱ་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད་ཟེར།

དོན་རྐྱེན་བྱུང་རྗེས་ས་དེའི་སྲིད་གཞུང་གིས་མྱུར་མོར་རྒུད་སྐྱོབ་བྱ་བ་སྤེལ་ཏེ། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས།

གཞུང་ལམ་གྱི་གནས་ཚུལ་མི་བཟང་བ་དང་ཁ་ལོ་བ་མྱུར་ཚད་ལ་བརྒལ་བ། ཐེག་ཚད་ལས་བརྒལ་བ་སོགས་ཁྲིམས་འགལ་བྱ་སྤྱོད་དབང་གིས་རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། རྒྱ་གར་དུ་ལོ་རེར་ཧ་ལམ་མི་འབུམ་གཅིག་དང་ཁྲི་ལྔ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།