ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་གོ་གནས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞིང་སྡེའི་བུད་མེད་དང་བུ་མོ་ལོ་ཆུང་ལ་དབང་ཆ་སྩོལ་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་གཟའ་འཁོར་གཉིས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་གོ་གནས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་ཉེར་དྲུག་པ་ཚེས་ཉེར་གསུམ་ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གྲོལ། གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་ཡིག་ཆ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་སྤྱད་དེ་ཕོ་མོའི་འདྲ་མཉམ་ལ་ཡར་སྐུལ་བྱེད་པ་དང་། ཞིང་སྡེའི་བུད་མེད་དང་བུ་མོ་ལོ་ཆུང་ལ་དབང་ཆ་སྩོལ་དགོས་པའི་འབོད་སྐུལ་བཏང་།

ཡིག་ཆ་དེ་ལས་ཆབ་སྲིད་བཅའ་ཁྲིམས་དང་དཔལ་འབྱོར་སྤྱི་ཚོགས། བུད་མེད་ཀྱི་མགོ་ཁྲིད་དབང་ཆ་དང་ཇུས་འདོན་དབང་ཆ་བཅས་ཕྱོགས་གསུམ་ནས་དབང་ཆ་སྩོལ་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། ཞིང་སྡེའི་བུད་མེད་དང་བུ་མོ་ལོ་ཆུང་གི་དབུལ་ཕོངས་སྣང་ཚུལ་མེད་པར་གཏོང་བ་དང་། ཁོ་མོ་ཚོའི་ཁེ་དབང་སྣ་ཚོགས་ལ་འགན་སྲུང་བྱས་ནས་ཁོ་མོ་ཚོའི་ཕན་བདེ་ཇེ་མང་དུ་གཏོང་དགོས་པར་བསྟན་ཡོད།

ཡིག་ཆ་ལས་བུད་མེད་ལ་དམིགས་པའི་མཐོང་ཆུང་རང་བཞིན་གྱི་བཅའ་ཁྲིམས་མེད་པར་གཏོང་བ་དང་། ཞིང་སྡེའི་བུད་མེད་ཀྱིས་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ལེན་པའི་འདྲ་མཉམ་དབང་ཆར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན་པ་དང་། བུད་མེད་ལ་ལ་རྒྱ་ཡོད་པའི་བྱ་བ་དང་ཕོགས་དངུལ་འདོན་སྤྲོད་བྱས་ཤིང་། ཁོ་མོ་ཚོའི་འདྲ་མཉམ་ཇུས་འདོན་དབང་ཆར་འགན་སྲུང་བྱེད་པ། སློབ་གསོའི་ཁོར་ཡུག་ལེགས་བཅོས་བྱེད་པ། ཞིང་སྡེ་ས་ཁུལ་གྱི་སློབ་འབྲིང་དང་སློབ་ཆེན་དུས་རིམ་གྱི་བུ་བུ་མོའི་སློབ་གསོ་འདྲ་མཉམ་མིན་པའི་སྣང་ཚུལ་མེད་པར་གཏོང་བ། སྤྱི་ཚོགས་ཞབས་ཞུ་དང་བདག་སྐྱོང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་སྟེ། བུད་མེད་ཀྱིས་ཁྱིམ་ཚང་གི་བྱ་བ་དང་བདག་སྐྱོང་བྱ་བ་གཉེར་ཡང་ཕོགས་དངུལ་ཐོབ་མི་ཐུབ་པའི་སྣང་ཚུལ་བཅོས་བསྒྱུར་བྱེད་དགོས་པའི་རེ་བ་བཏོན།

ཡིག་ཆ་ལས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཞིང་སྡེའི་བུད་མེད་དང་བུ་མོ་ལོ་ཆུང་གི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་དགོས་མཁོར་འགན་སྲུང་བྱེད་པ་དང་། བུད་མེད་ཞིང་བས་དངུལ་ལོར་ཞབས་ཞུ་ལོངས་སུ་སྤྱོད་པར་ཁག་ཐེག་བྱེད་དགོས། ཀུན་ཕན་གྱི་སྨན་བཅོས་འགན་སྲུང་འདོན་སྤྲོད་བྱས་ནས་ཞིང་སྡེའི་བུད་མེད་ཀྱི་བུ་སྐྱེས་དབང་ཆར་བརྩི་འཇོག་བྱེད་དགོས། ལོ་ན་ཆུང་དུས་གཉེར་སྒྲིག་པ་སོགས་བུད་མེད་ལ་གནོད་པའི་གོམས་སྲོལ་མི་ལེགས་པ་དང་ཞིང་སྡེའི་བུད་མེད་ལ་དམིགས་པའི་དྲག་ཤུགས་བྱ་སྤྱོད་ཚང་མ་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་གོ་གནས་ཨུ་ཡོན་ལྷན་ཁང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཆེད་འགན་ཁུར་བའི་ཨུ་ཡོན་ལྷན་ཁང་དགུའི་ཡ་གྱལ་ཡིན་པ་དང་། ལོ་རེར་གྲོས་ཚོགས་ཐེངས་རེ་སྤེལ་བཞིན་ཡོད། ད་ལོའི་གྲོས་ཚོགས་ནི་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་ཚོགས་མགོ་བརྩམས་ཤིང་། རྒྱལ་ཁབ་བརྒྱ་དང་བདུན་ཅུ་དང་སྤྱི་དམངས་རྩ་འཛུགས་དྲུག་བརྒྱ་ལྷག་ནས་ཡོང་བའི་འཐུས་མི་སྟོང་བཞི་དང་སུམ་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།