ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་ལ་ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་རང་ཉིད་ཀྱི་འབད་བརྩོན་ལ་འདེམ་དམངས་ཀྱི་ཁས་ལེན་ཐོབ་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་བརྒྱ་ཆའི་བདུན་ཅུའི་འདེམ་ཤོག་ལ་བསྡོམས་རྩིས་བྱས་རྗེས། ད་ལྟའི་ཙུང་ཐུང་ཕུའུ་ཅིན་ལ་བརྒྱ་ཆའི་དོན་ལྔ་དང་གྲངས་ཆུང་དགུ་གཅིག་ཐོབ་སྟེ་འདེམ་ཤོག་ཐོབ་ཚད་ཆེས་མང་བོའི་འདེམ་སྒུག་པར་གྱུར་ཡོད། ཕུའུ་ཅིན་གྱིས་འདེམ་དམངས་དག་ལ་བཀའ་དྲིན་ཞུས་པ་དང་། རང་ཉིད་ཀྱི་འབད་བརྩོན་ལ་ཁས་ལེན་ཐོབ་ཡོད་ལ། ཨུ་རུ་སི་ཡིས་ཧུར་ཐག་སྒོས་འགྲན་རྩོད་ཐག་གཅོད་བྱས་ཏེ་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དེ་རིང་ཨུ་རུ་སིའི་འདེམ་དམངས་ཚང་མ་ནི་ཚོགས་ཁག་གཅིག་ཡིན་པ་དང་། འདེམ་དམངས་ཀྱི་གདམ་གསེས་ཁྲོད་ཉེ་བའི་ལོ་འགའི་རིང་ཨུ་རུ་སི་ཡིས་དཀའ་ཁག་ཆེ་བའི་ཆ་རྐྱེན་འོག་འབད་བརྩོན་བྱས་པར་ཁས་ལེན་ཐོབ་པ་མཐོང་ཡོད་ལ། འདེམ་དམངས་ཀྱི་ཡིད་ཆེས་མཐོང་བར་མ་ཟད། ཨུ་རུ་སི་ཡིས་སྔར་ལས་ལྷག་པའི་གྲུབ་འབྲས་ལོན་པར་རེ་སྒུག་བྱས་ཡོད། ང་ཚོས་རྒྱལ་ཁ་ལོན་ངེས་ཡིན་ཟེར།

ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་སྒྲིག་སྲོལ་ལྟར་ན། འདེམ་བསྐོའི་ཁྲོད་བརྒྱ་ཆའི་ལྔ་བཅུའི་ཡན་གྱི་འདེམ་ཤོག་ཐོབ་མཁན་ཙུང་ཐུང་ལ་འདེམ་དགོས་པ་རེད། ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་གསུམ་པའི་ཚེས་ཉེར་དགུའི་སྔོན་འདེམ་བསྐོའི་མཇུག་འབྲས་ཁས་ལེན་བྱེད་དགོས་པར་མ་ཟད། འདེམ་བསྐོའི་མཇུག་འབྲས་ཁས་ལེན་བྱས་རྗེས་ཀྱི་ཉིན་གསུམ་ནང་དངོས་སུ་ཁྱབ་སྒྲོག་བྱེད་དགོས་པ་རེད།

 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།