ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་ཡིས་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་མཱ་ཏིས་སི་ཡིས་ཚེས་བཅུ་གསུམ་ཉིན་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་དང་ཞི་བདེའི་འཕེལ་རིམ་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། དེ་ནི་མཱ་ཏིས་སི་ཡིས་ད་ལོར་ཐོག་དང་པོར་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས་པ་རེད།

ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲིའི་འཕེལ་རིམ་སྔོན་ནས་ཁྱབ་སྒྲོག་བྱས་མེད་པ་དང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཁག་ཅིག་ལ་ཐུག་འཕྲད་བྱས་པ་ལས་གཞན། མཱ་ཏིས་སི་ཡིས་ད་རུང་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ལ་རྟོག་ཞིབ་བྱེད་རྒྱུ་རེད།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་དུ་མ་འབྱོར་གོང་། མཱ་ཏིས་སི་ཡིས་ཁོའི་རྗེས་འདེད་གསར་འགོད་པར་བཤད་རྒྱུར། ཅཱ་ནེའི་སྲིད་གཞུང་དང་ཐཱ་ལེ་པན་རྩ་འཛུགས་བར་ཆབ་སྲིད་ཀྱི་གྲོས་མཐུན་ཞིག་འབྱུང་སྲིད་ཟེར། ཁོས་བཤད་རགྱུར། རྩ་འཛུགས་དེའི་ཁོངས་གཏོགས་ཕྱོགས་ཁག་ཚང་མ་གྲོས་མོལ་དུ་ཞུགས་པ་མངོན་འགྱུར་བྱེད་དཀའ་ཡང་། ཐཱ་ལེ་པན་གྱི་རྩ་འཛུགས་ཀྱི་ཁོངས་གཏོགས་ཕྱོགས་ཁག་སོ་སོས་སྲིད་གཞུང་བར་གྲོས་མོལ་བྱེད་པའི་སྤྲོ་བ་ཡོད་ཟེར།

ཟླ་འདིའི་ཚེས་བརྒྱད་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཨ་ཧྥུའུ་ཧན་ལས་དོན་གྱི་དམིགས་བསལ་འཐུས་མི་པིན་ཀྲུང་ཐུང་གིས་ཐཱ་ལེ་པན་རྩ་འཛུགས་དང་ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཞི་བའི་གྲོས་མོལ་བྱས་ཏེ། ཨ་ཧྥུའུ་ཧན་མི་དམངས་ལ་འཐབ་འཁྲུག་གི་སྡུག་བསྔལ་མི་ཐེབས་པར་བྱེད་དགོས་པའི་འབོད་སྐུལ་བཏང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།