ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་མཚོ་དམག་གིས་ནུབ་ཕྱོགས་མཚོ་ཁོངས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་ཉེར་ལྔ་བསྐྱབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་མཚོ་དམག་གིས་ཚེས་བཅུའི་ཉིན་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཀྲ་ཝེ་ཡེ་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་ཉེར་ལྔ་བསྐྱབས་པ་དང་། དེའི་ནང་བུད་མེད་བཅུ་བཞི་དང་བྱིས་པ་བཞི་འདུས།

ལི་པུ་ཡཱའི་མཚོ་དམག་གི་མགྲིན་ཚབ་པ་ཁཱ་ཞི་མུའུ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཁྲིམས་འགལ་གནས་སྤོར་སྡོད་དམངས་དེ་དག་གི་གྲུ་གཟིངས་ཀྱི་སྒུལ་འཁོར་ལ་ཆག་སྐྱོན་བྱུང་བའི་དབང་གིས་ཀྲ་ཝེ་ཡེ་བྱང་ངོས་ཀྱི་སྤྱི་ལེ་ཉེར་བདུན་ཡོད་པའི་མཚོ་ཁོངས་སུ་ཁགས་ཡིན་ལ། ལི་པུ་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་དེའི་རྗེས་སུ་མྱུར་སྐྱོབ་བྱས་པ་རེད།

ཁཱ་ཞི་མུའུ་ཡིས་བཤད་རྒྱུར། སྲོག་ཉེན་ལས་བསྐྱབས་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དེ་དག་སྔོན་ལ་རྒྱལ་ས་ཏི་ལེ་པའོ་ལི་རུ་ཡོད་པའི་མཚོ་དམག་རྟེན་གཞི་རུ་བསྐྱལ་རྗེས། ཁོ་ཚོ་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་ལ་ལ་ཆམ་ཕབ་གཏོང་བའི་གཞུང་སྒྲུབ་ཁང་ལ་སྤྲོད་རྒྱུ་ཡིན་ཟེར།

ཀྲ་ཝེ་ཡེ་ནི་ཏི་ལེ་པའོ་ལིའི་ནུབ་ངོས་ཀྱི་སྤྱི་ལེ་ཞེ་ལྔའི་མཚམས་སུ་ཡོད་པ་དང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་ལྐོག་འགྲོས་བྱེད་ས་ཞིག་ཡིན། ད་ལོའི་ལོ་མགོའི་ཚུན་ལ། ས་དཀྱིལ་མཚོ་ཁོངས་ཀྱི་ནམ་ཟླ་དང་རྦ་རླབས་དེ་རིམ་བཞིན་མཚོ་ཐོག་འགྲུལ་བཞུད་བྱེད་པར་ཕན་པའི་དབང་གིས་ལྐོག་འགྲོས་བྱ་སྤྱོད་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།