ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་ཟླ་རྗེས་མར་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་རྗེས་མར་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་སོགས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

འཇར་པན་གྱིས་ཉེ་སྔོན་ཨན་པའེ་ཅིན་སན་གྱིས་ཨ་མ་རི་ཁར་འཚམས་འདྲི་བྱེད་འདོད་ཡོད་པའི་གནས་ཚུལ་བསྒྲགས་མེད་ཀྱང་། འཇར་པན་གྱི་ཕྱི་འབྲེལ་པུའུ་ཡི་བཤད་ཚུལ་ལྟར་ན། ཧན་གོའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ་ཀྲིན་དབྱེ་རོང་གིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁྲའོ་ཞན་དུ་འཚམས་འདྲི་བྱས་པའི་གྲུབ་འབྲས་མཚམས་སྦྱོར་བྱས་རྗེས། ཐི་ལིང་ཕུའུ་ཡིས་ཚེས་དགུ་ཉིན་གྱི་སྔ་དྲོར་ཨན་པའེ་ཅིན་སན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཁ་པར་གྲོས་མོལ་ལས་ཨན་པའེ་ཅིན་སན་གྱིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་པར་གྲོས་ཐག་བཅད།

ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཤིག་གིས་ཚེས་དགུའི་ཉིན་གནས་བབ་ཀྱི་འགྱུར་ལྡོག་ཅུང་མགྱོགས་པར་བཤད་པ་དང་། དེས་ཆེད་དུ་བསྟན་པ་ནི་ཉིན་དེར་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་རབ་དང་རིམ་པའི་འཕེལ་རྒྱས་ལ་དམིགས་པའི་གྲོས་མོལ་ཡིན་པ་རེད།

འཇར་པན་གྱི་དུས་ཚོད་ཚེས་དགུ་ཉིན་གྱི་སྔ་དྲོར། ཨ་མེ་རི་ཁར་འཚམས་འདྲི་བྱེད་བཞིན་པའི་ཧན་གོའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ་ཀྲིན་དབྱེ་རོང་གིས་བཤད་རྒྱུར། ཅིན་ཀྲིན་ཨིན་གྱིས་ཚེས་ལྔ་ཉིན་ཧན་གོའི་ཆེད་མངག་ཚོགས་པར་ཐུག་འཕྲད་བྱེད་སྐབས་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་པ་དང་། ཐི་ལིང་ཕུའུ་ཡིས་ཟླ་ལྔ་བའི་ཟླ་མཇུག་གི་སྔོན་ལ་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་སྤེལ་བར་འཐད་པ་བྱུང་ཡོད།

གནས་ཚུལ་དེ་དག་གིས་འཇར་པན་སྲིད་གཞུང་སྡུག་ལ་སྦྱར་ཡོད་པ་འདྲ།

འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་གིས་ཉིན་དེའི་སྔ་དྲོར་རྒྱལ་ཚོགས་དམངས་གྲོས་ཁང་གི་སྔོན་རྩིས་ཨུ་ཡོན་ལྷན་ཁང་ནས་བཤད་རྒྱུར། འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་ཀྱིས་གོམ་སྟབས་མཉམ་པར་བྱེད་པ་དང་། ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་བསྐྱུར་བའི་བྱེ་བྲག་གི་འགུལ་སྐྱོད་ལ་རེ་སྒུག་བྱེད་དགོས་ལ། ཁྲའོ་ཞན་ལ་གནོད་ཤུགས་ཆེན་པོ་སྟེར་བའི་ལམ་ཐིག་འཆར་གཞི་སྲུང་འཛིན་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།