ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་སོ་ཏི་ཨ་རབ་ཀྱིས་མཉམ་དུ་ས་ཁུལ་གྱི་འཇིགས་ཉེན་དང་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ཡིས་ཚེས་བཞིའི་ཉིན་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། མཉམ་དུ་རང་ས་ཁུལ་གྱི་འཇིགས་ཉེན་དང་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཡིན་ལ། ཁྱད་པར་དུ་འཇིགས་སྐུལ་རིང་ལུགས་དང་དེའི་རྒྱབ་སྐྱོར་མཁན་ལ་མཉམ་དུ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

མུའུ་ཧན་མའོ་ཏི་ཚེས་བཞིའི་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་འབྱོར་བ་དང་། དེ་ནི་ཁོ་ན་ནིང་རྒྱལ་རྒྱུད་དུ་བསྐོས་པའི་ཚུན་ལ་ཐོག་དང་པོར་རྒྱལ་ཁབ་གཞན་དུ་འཚམས་འདྲི་བྱས་པ་རེད། མུའུ་ཧན་མའོ་ཏི་ཡིས་ཉིན་དེར་སེ་ཞི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རང་ས་ཁུལ་གྱི་རྒྱལ་ཁབ་ཁ་བྲལ་དུ་གཏོང་བའི་གཡོ་ཇུས་ལ་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

སེ་ཞི་ཡིས་བཤད་རྒྱུར། མཚོ་ཁུགས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་དེ་ཨེ་ཅིབ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ཨེ་ཅིབ་ཀྱིས་ཁྱབ་ཁོངས་སོ་སོ་ནས་སོ་ཏི་ཨ་རབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ཐེངས་འདིའི་འཚམས་འདྲི་དེ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ལམ་ཚད་རྡོ་རིང་ལྟ་བུར་འགྱུར་བའི་རེ་བ་ཡོད་ཟེར།

སེ་ཞི་དང་མུའུ་ཧན་མའོ་ཏི་གཉིས་ད་རུང་ཉིན་དེའི་ཕྱི་དྲོར་བསྡུས་པའི་མིང་འགོད་མཛད་སྒོར་ཞུགས། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་མཉམ་ལས་དང་ཁོར་ཡུག་གནད་དོན་ལ་འབྲེལ་བའི་གྲོས་མཐུན་རེ་འགའ་བཀོད་པ་དང་། དེའི་ནང་དངུལ་གཏོང་ཐེབས་རྩ་ཚོགས་པ་ཞིག་འཛུགས་པའང་འདུས་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།